ཐའེ་ཝན་དང་འབྲེལ་བའི་ཨ་རིའི་གྲོས་འཆར་ལ་རྒྱ་ནག་ཕྱོགས་ནས་སྐྱོན་བརྗོད།

ཟླ་འདིའི་ཕྱི་ཚེས་༡༡ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིས་ཐའེ་ཝན་དང་འབྲེལ་ལམ་དམ་དུ་གཏོང་རྒྱུར་དམིགས་པའི་ཁྲིམས་འཆར་གཉིས་གཏན་འབེབས་བྱས་ཡོད་འདུག་པར། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་ངོ་རྒོལ་བྱས་ནས་ཨ་རིར་ཉེན་བརྡ་བཏང་ཡོད་འདུག

དེ་ཡང་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཟླ་འདིའི་ཕྱི་ཚེས་༩ ཉིན། ཐའེ་ཝན་དང་འབྲེལ་བའི་འགྲིམ་འགྲུལ་སྐོར་གྱི་ཁྲིམས་འཆར་(the Taiwan Travel Act) ཞེས་པ་ཞིག་གཏན་འབེབས་བྱས་ཡོད་འདུག་ཅིང་། དེས་ཐའེ་ཝན་གཞུང་དང་ཨ་རིའི་གཞུང་གཉིས་བར་ཕན་ཚུན་ཚད་མཐོའི་ལྟ་སྐོར་འགྲོ་རེས་བྱ་རྒྱུར་སྐུལ་འདེད་བྱེད་ཀྱི་ཡོད་འདུག་པ་དང་། དེ་བཞིན་ཐའེ་ཝན་འཛམ་གླིང་འཕྲོད་བསྟེན་ཚོགས་པའི་ནང་ཚུད་མེད་པའི་སྐོར་གླེང་སློང་བྱས་པའི་ཁྲིམས་འཆར་གཅིག་བཅས། ཁྲིམས་འཆར་གཉིས་གཏན་འབེབས་བྱས་ཡོད་འདུག

ཕྱི་ལོ་༡༩༧༩ ལོར་ཨ་རི་གཞུང་དང་རྒྱ་ནག་གཞུང་གཉིས་བར་འབྲེལ་ལམ་བཙུགས་རྗེས། ཨ་རིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་རྒྱབ་སྐྱོར་བྱས་ཏེ། ཐའེ་ཝན་དང་གཞུང་འབྲེལ་གྱི་ཐོག་ནས་འབྲེལ་ལམ་བཅད་ནས་བཟུང་ད་བར་ཐའེ་ཝན་གྱི་འགོ་ཁྲིད་རྣམས་གཞུང་འབྲེལ་གྱི་ཐོག་ནས་ཨ་རིར་བསྐྱོད་མྱོང་མེད་ཀྱང་།  ད་ཐེངས་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་གཏན་འབེབས་བྱས་པའི་ཁྲིམས་འཆར་དེ་གྲོས་ཚོགས་ནང་ཁྲིམས་སུ་བཅས་ཐུབ་ཚེ། ཨ་རི་དང་ཐའེ་ཝན་བར་གཞུང་འབྲེལ་ཐོག་དཔོན་རིགས་ཐུག་འཕྲད་བསྐྱོད་ཀྱི་མེད་པའི་གནས་སྟངས་དེར་འཕོ་འགྱུར་ཡོང་སྲིད་པ་ཞིག་ཡིན་འདུག

ཨ་རིའི་གཞུང་གི་ངོས་ནས་རིག་གནས་དང་། ཚོང་ལས། བདེ་འཇགས་བཅས་ཀྱི་ཐོག་ནས་ཐའེ་ཝན་གཞུང་དང་ད་བར་འབྲེལ་ལམ་རྒྱུན་བསྐྱངས་དང་སྐྱོང་མུས་ཡིན་པ་རེད། རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་གོ་ལའི་དུས་བབ་ཅེས་པའི་ཐོག རྩོམ་ཡིག་ཅིག་སྤེལ་ནས་གསར་དུ་གཏན་འབེབས་བྱས་པའི་ཁྲིམས་འཆར་གཉིས་དང་འབྲེལ་བའི་ཐོག་ནས་ཨ་རིའི་གཞུང་ལ་སྐྱོན་བརྗོད་བྱས་ཡོད་འདུག་པ་མ་ཟད། གནད་དོན་དེའི་ཐོག་ནས་ཨ་རི་གཞུང་དང་ཞི་ཅིན་ཕིང་འཛིན་སྐྱོང་གཉིས་བར་གྱི་ཆབ་སྲིད་ཀྱི་འབྲེལ་ལམ་ལ་དོ་ཕོགས་འགྲོ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག དེ་བཞིན་“ཝ་ཤིང་ཊོན་ལ་པེ་ཅིང་གི་ཕྱི་འབྲེལ་གྱི་ཐོག་ནས་འཁོན་ལན་ཕྱོགས་ཀུན་ནས་ཡོང་གི་རེད་”ཅེས་དང་། གནད་དོན་འདི་ལ་བརྟེན་ནས་ཨ་རིས་གོ་ལ་ཡོངས་ཀྱི་ལས་དོན་ཐོག་ལག་པ་འཆང་རྒྱུར་དཀའ་ཁག་ཆེ་རུ་འགྲོ་ཁར། ཐའེ་ཝན་གྱི་གནད་དོན་ཐོག་ལག་པ་འཆང་རྒྱུ་ནི་རྒྱ་ནག་གིས་བློས་གཏོང་མི་ཐུབ་པའི་གནད་དོན་ཞིག་ཡིན་པ་ཨ་རིར་ར་འཕྲོད་ངེས་སྐོར། གཞན་ཡང་ཨ་རི་དང་ཐའེ་ཝན་གཉིས་ཀྱི་ཚད་མཐོའི་འབྲེལ་ལམ་ལ་དཔག་པའི་འཁོན་ལན་སློག་ངེས་སྐོར་སོགས་བརྗོད་ཡོད་འདུག

ཕྱི་ལོ་༢༠༡༦ ལོར་ཌོ་ནལ་ཊོམ་ཨ་རིའི་སྲིད་འཛིན་དུ་འདེམས་ཐོན་བྱུང་རྗེས། ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཨན་དབྱིངས་ལ་ཁ་པར་བཏང་བས་མཚོན། ཁོང་གིས་ཐའེ་ཝན་ལ་འཛིན་པའི་འབྲེལ་ལམ་གྱི་ཐོག་ནས་རྒྱ་ནག་ལ་བློ་འཚབ་སྐྱེ་དགོས་པ་བྱུང་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 357

Leave a Reply