ཐའེ་ཝན་ནང་རྒྱ་མིའི་སློབ་མ་ཞིག་གསང་ཉུལ་བའི་ཉེས་འཛུགས་འོག་འཛིན་བཟུང་།

ཐའེ་ཝན་གྱིས་རྒྱ་ནག་སྐམ་ས་ཆེན་མོ་ནས་ཡིན་པའི་སློབ་མ་ཞིག་ལ། རྒྱ་ནག་གཞུང་གི་ཆེད་དུ་གསང་ཉུལ་བ་བྱེད་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཡོད་འདུག

ཟླ་འདིའི་ཚེས་༡༣ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཨེ་པོ་ཆེ་ཐོག་ཏུ་གནས་ཚུལ་སྤེལ་གསལ། ཕྱི་ལོ་༢༠༡༢ ནས་༢༠༡༦ བར་ཐའེ་ཝན་གྱི་རྒྱལ་ཡོངས་ཆཱེན་ཆེའི་གཙུག་ལག་སློབ་གཉེར་ཁང་དུ། ཚོང་ལས་རིག་པའི་གཙུག་ལག་རབ་འབྱམས་པ་སློབ་གཉེར་བྱེད་མཁན་རྒྱ་མའི་སློབ་མ་ཀྲའུ་ཧོང་ཤུ་ཡིས། ཕྱི་ལོ་༢༠༡༧ ལོའི་ཟླ་༢ པའི་ནང་ཐའེ་ཝན་དུ་ཚོང་ལས་ཀྱི་ཐོངས་མཆན་ཁྱེར་ནས་སླེབས་ཡོད་འདུག་པ་དང་། ཁོས་སྐད་འཕྲིན་བེད་སྤྱད་ནས་ཐའེ་ཝན་ཕྱི་སྲིད་ལས་ཁང་གི་ལས་བྱེད་ཅིག་ལ་འབྲེལ་བ་བྱས་ནས། དེ་དག་གིས་རང་ཉིད་ཀྱི་ལས་ཀ་དང་འབྲེལ་བའི་གནས་ཚུལ་མཁོ་སྤྲོད་བྱེད་རྒྱུར་སྐུལ་མ་བྱས་པ་དང་། དེའི་བརྗེ་ལེན་ལ་དངུལ་ཕོན་ཆེན་སྤྲད་རྒྱུ་ཁས་ལེན་བྱས་ཏེ། གནས་ཚུལ་དང་དངུལ་བརྗེ་ལེན་ཆེད་ཉི་ཧོང་ནང་དུ་ཐུག་རྒྱུའི་སྐོར་བཤད་ནས་ཁོ་ཚོ་འགུག་ཐབས་བྱས་ཡོད་འདུག་པས། ཟླ་འདིའི་ཚེས་༡༠ ཉིན་ཐའེ་ཝན་ནས་འཛིན་བཟུང་བྱས་ཡོད་འདུག

དེ་བཞིན་ཀྲའུ་ཧོང་ཤུ་ཡི་ངོ་དེབ་ཐོག་ཏུ། ཁོས་འདས་པའི་ལོ་ཟླའི་ནང་རྒྱ་ནག་གི་ཕྱོགས་གཏོགས་ཐའེ་ཝན་གྱི་སློབ་མ་དང་ཆབ་སྲིད་པ་མང་པོ་ཞིག་དང་མཉམ་དུ། འབྲེལ་ལམ་བྱེད་ཀྱི་ཡོད་སྐོར་བཀོད་ཡོད་འདུག་པ་དང་། དེ་བཞིན་ཐའེ་ཝན་གྱི་གནས་སྤོ་བའི་ཁྲིམས་ནང་ཕྱི་མི་ཞིག་གིས་ཐོངས་མཆན་གྱི་དགོས་དམིགས་ལས་འགལ་ནས། སྤྱི་ཚོགས་ནང་ལས་འགུལ་འདྲ་མིན་ནང་མཉམ་ཞུགས་བྱེད་ཆོག་གི་མེད་པ་རེད། ཁོས་ངོ་དེབ་ཐོག་ཏུ་ཐའེ་ཝན་གྱི་ཆབ་སྲིད་ལ་སྐྱོན་བརྗོད་བྱས་པ་མ་ཟད། ཆབ་སྲིད་ཀྱི་ལས་འགུལ་མང་པོ་ཞིག་ལ་མཉམ་ཞུགས་བྱས་ཡོད་འདུག

ཕྱི་ལོ་༢༠༠༩ ལོ་ནས་སྐབས་དེའི་སྲིད་འཛིན་མཱ་ཡིང་ཅུ་ཡིས། རྒྱ་ནག་སྐམ་ས་ཆེན་མོ་ནས་ཐའེ་ཝན་དུ་སློབ་སྦྱོང་བྱེད་པར་ཡོང་མཁན་རྣམས་ལ་བཀག་སྡོམ་དེ་ལྷོད་དུ་བཏང་རྗེས། ལོ་རེར་རྒྱ་ནག་གི་སློབ་མ་སྟོང་ཕྲག་མང་པོ་ཐའེ་ཝན་དུ་མཐོ་རིམ་སློབ་གཉེར་བྱེད་པར་ཡོང་བཞིན་ཡོད་འདུག ཐའེ་ཝན་གྱི་ཤེས་ཡོན་ལས་ཁང་གི་ཐོ་གྲངས་ལྟར་ན། ཕྱི་ལོ་༢༠༡༥ ལོར་རྒྱ་ནག་གི་སློབ་མ་༧༨༡༣ དུས་རིང་གི་སློབ་གཉེར་དང་། དུས་ཐུང་སློབ་གཉེར་བྱེད་མཁན་༣༤༡༡༤ བྱུང་ཡོད་འདུག་པས། ཐའེ་ཝན་ནང་དུ་རྒྱ་ནག་གི་སློབ་མ་ཡོང་མཁན་མང་དུ་འགྲོ་ཡི་ཡོད་པ་དེས། རྒྱལ་ཁབ་དེའི་བདེ་འཇགས་ཀྱི་སེམས་འཚབ་ལ་སྣོན་མ་ཞིག་ཆགས་ཀྱི་ཡོད་འདུག

ཐའེ་ཝན་གྱི་བདེ་སྲུང་བློན་ཆེན་ཟུར་པ་མེ་ཁེལ་ཚའི་ཡིས། འཛིན་བཟུང་བྱུང་བའི་རྒྱ་ནག་གི་སློབ་མ་ཀྲའུ་ཡི་གནད་དོན་དེ་ནི། རྒྱ་ནག་གཞུང་གི་འཐབ་ཕྱོགས་གཅིག་འགྱུར་གྱིས་ཐའེ་ཝན་ལ་དམག་ཟིང་སློང་བའི་ལས་འགུལ་གྱི་ཆ་ཤས་ཆུང་ཆུང་ཞིག་ཡིན་པ་དང་། འཐབ་ཕྱོགས་གཅིག་འགྱུར་གྱིས་ཐའེ་ཝན་གྱིས་རྒྱ་ནག་དང་གཅིག་སྒྲིལ་བྱེད་པའི་ནུས་པ་ཆུང་ཆུང་གཏོང་ཐབས་བྱེད་ཀྱི་ཡོད་སྐོར་བརྗོད་ནས། “རྒྱ་ནག་གི་གསང་ཉུལ་རྣམས་ཐའེ་ཝན་དུ་སློབ་མ་གཅིག་པུ་བྱས་ནས་ཡོང་གི་མེད་པ་རེད། ཁོ་ཚོ་ཤེས་ཡོན་པ། ཚོང་པ། འཁྲབ་སྟོན་པ་སོགས་བྱས་ནས་ཡོང་གི་ཡོད་རེད། ཐའེ་ཝན་གཞུང་གིས་རྒྱ་ནག་གི་མི་སེར་ང་ཚོའི་རྒྱལ་ཁབ་ནང་དུ་ཡོང་མཁན་ཚོར། རྟོག་ཞིབ་ནན་པོ་བྱ་རྒྱུ་འགོ་འཛུགས་བྱེད་དགོས་འདུག”ཅེས་བརྗོད་ཡོད་འདུག

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 326

Leave a Reply