ཐའེ་ཝན་དུ་སྟོན་པའི་འཁྲུངས་སྐར་སྲུང་བརྩི།

ལོ་རེའི་ཕྱི་ཟླ་ལྔ་པའི་ཟླ་བ་ཉ་གང་བའི་ཉིན་མོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་ཁེལ་གནང་བའི་སངས་རྒྱས་ཀྱི་འཁྲུངས་སྐར་ཡིན་ཞིང་། ལྷོ་བརྒྱུད་ནང་པ་དང་རྒྱ་བརྒྱུད་ནང་པ་སོགས་ཀྱིས་འཁྲུངས་སྐར་རྩི་སྟངས་ཡང་ཕལ་ཆེར་གཅིག་ཏུ་འབབ།

སྐབས་རེར་ཟླ་ལྷག་གི་དབང་གིས་ཟླ་རེའི་ཁྱད་པར་ཡོད་པ་ལས་གཞན་ཕྱི་ཟླ་ལྔ་པའི་ནང་ནས་བོད་ལུགས་ཀྱི་ས་ག་ཟླ་བར་ཡང་ཁེལ་ཡོད། གང་ལྟར་ས་ག་ཟླ་བ་འདིར་སངས་རྒྱས་ཐུགས་རྗེ་ཅན་སྐུ་འཁྲུངས་པར་ནང་པ་ཕལ་མོ་ཆེས་ཡིད་ཆེས་བྱེད་ཅིང་། འཛམ་བུ་གླིང་གི་ས་ཁུལ་སོ་སོ་ནས་གཞི་རྒྱ་ཆེ་བའི་དུས་ཆེན་སྲུང་རྩི་བྱེད།

ཐའེ་ཝན་ལ་མཚོན་ན་ཡང་ནང་པ་ཧ་ཅང་ཤུགས་ཆེ་བའི་ཡུལ་ལུང་ཞིག་ཡིན་ཞིང་། ལོ་རེ་བཞིན་སངས་རྒྱས་འོད་ཀྱི་དགོན་པ་དང་། ཚི་ཅིའི་དགེ་ལས་ཚོགས་པ་སོགས་ཀྱིས་མི་མང་ཁྲི་ཕྲག་མང་པོའི་འདུ་འཛོམས་ཅན་གྱི་སྟོན་པའི་འཁྲུངས་སྐར་རྒྱ་ཆེར་བྱེད་ཅིང་། བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་དག་ཀྱང་དེར་གདན་འདྲེན་ཞུ་བཞིན་ཡོད།

ཁྱད་པར་སྤྱི་ལོ་ཉིས་སྟོང་བཅུ་གསུམ་གྱི་ལོ་ནས་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ངོས་ནས་ལོ་རེ་བཞིན་སྟོན་པའི་འཁྲུངས་སྐར་གྱི་དུས་ཆེན་སྲུང་བརྩིའི་ལས་འགུལ་སྤེལ་བཞིན་ཡོད་ཅིང་། འདི་ལོ་སྟེ་ཕྱི་ལོ་༢༠༡༧ གྱི་ལོ་འདིར་ཡང་ཐའེ་ཝན་ཞིན་པེ་གྲོང་ཁྱེར་གྱི་སྟོན་པའི་འཁྲུངས་སྐར་རིག་གནས་དུས་སྟོན་ཞུས་པར་རོགས་སྒྲུབ་ལས་ཁུངས་ཀྱི་ངོ་བོའི་ཐོག་ནས་མཉམ་ཞུགས་དང་འབྲེལ་ཐའེ་ཝན་བོད་བརྒྱུད་ནང་བསྟན་གྱི་ངོ་བོ་མཚོན་ཐབས་བྱས་ཡོད།

ཞིབ་འཇུག་ཚོགས་པའི་དྲ་རྒྱའི་བརྙན་འཕྲིན་འགན་འཛིན་པ་སློབ་དཔོན་གསོད་ནམས་ཕུན་ཚོགས་ཀྱིས་གཙོ་འགན་གནང་ཐོག་རིག་གནས་དུས་ཆེན་དེར་དམིགས་བསལ་བོད་བརྒྱུད་ནང་བསྟན་གྱི་མཚན་ཐོག་ནས་ཐོག་མཐའ་བར་གསུམ་དུ་མཉམ་ཞུགས་དང་། དུས་སྟོན་དེར་གོ་སྒྲིག་ལས་ཁུངས་གཞུང་ཕྱོགས་ནས་སྤྲད་པའི་ས་ཆའི་ཐོག་ཏུ་དམིགས་བསལ་དྲ་རྒྱའི་བརྙན་ཕྲིན་གཙོ་བོར་གྱུར་པའི་བོད་བརྒྱུད་ནང་བསྟན་སྐོར་གྱི་བརྙན་དང་ཡིག་ཆ་འགྲེམས་སྤེལ་དང་ཁྱབ་བསྒྲགས་གནང་བ་སོགས་ཀྱི་ལས་འགུལ་ཡང་ཤུགས་ཆེར་སྤེལ་འདུག

དེ་བཞིན། སྡིངས་ཆའི་ཐོག་ཏུ་གཞུང་འབྲེལ་དཔོན་རིགས་ཆེ་ཁག་དང་ཐའེ་ཝན་གྱི་རྒྱ་བརྒྱུད་བླ་ཆེན་ཁག་གིས་གཙོ་སྐྱོང་གནང་བའི་ལས་རིམ་ཁག་ལ་ཡང་ཞིབ་འཇུག་ཚོགས་པ་དང་དྲ་བརྙན་གྱི་མཁན་སྤྲུལ་དགེ་བཤེས་ལས་ཟུར་རྣམ་པ་དང་དགེ་འདུན་པ་གང་མང་མཉམ་ཞུགས་ཀྱི་གོ་སྐབས་བསྐྲུན་ཐུབ་པ་བྱུང་ཡོད།

ཁྱད་པར་ཕྱི་ཟླ་ལྔ་བའི་ཚེས་གསུམ་དགོང་མོའི་མཛད་རིམ་དངོས་གཞིར་ཞིབ་འཇུག་ཚོགས་པའི་ངོས་ནས་དཔལ་ས་སྐྱའི་༧སྐྱབས་རྗེ་ངོར་ཐར་རྩེ་མཁན་རིན་པོ་ཆེ་གདན་འདྲེན་ཞུས་ཐོག་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་བཅུ་ཕྲག་འགའ་ཞིག་མཉམ་ཞུགས་གནང་།

ཕྱི་ཟླ་ལྔ་བའི་ཚེས་བདུན་གྱི་ཉིན་མོའི་མཛད་རིམ་ཁག་གཉིས་ལས་སྔ་དྲོའི་མཛད་རིམ་ཐོག་ཞིབ་འཇུག་ཚོགས་པའི་ངོས་ནས་མཁན་པོ་པདྨ་བཛྲ། དགེ་བཤེས་ཕྲིན་ལས་དང་། དགེ་བཤེས་དར་རྒྱས། སློབ་དཔོན་བསོད་ནམས་ཉི་མ་བཅས་དང་། ཕྱི་དྲོའི་མཛད་སྒོར་མཁན་པོ་ཆོས་ཉིད་དོན་རྟོགས་བཅས་ཀྱིས་གཙོ་བོ་གནང་བའི་དགེ་འདུན་པ་བཞི་བཅུར་ཉེ་བ་ཙམ་མཉམ་ཞུགས་གནང་། དེ་བཞིན་སྟོན་པའི་འཁྲུངས་སྐར་དང་འབྲེལ་བའི་ལས་རིམ་གཞན་ཡང་ལྗོན་ཤིང་འདེབས་འཛུགས་དང་། ནང་ཆོས་བགྲོ་གླེང་སོགས་འཁྲུངས་སྐར་རིག་གནས་དུས་སྟོན་གྱི་ཆ་ཤས་གཞན་ཁག་ཅིག་ལ་ཡང་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་གང་མང་མཉམ་ཞུགས་གནང་ཡོད་པ་སོགས་སྐབས་འདིའི་ཐའེ་ཝན་གྱི་ཞིན་པེ་གྲོང་ཁྱེར་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཡོད་པའི་སྟོན་པ་བཀའ་དྲིན་ཅན་གྱི་འཁྲུངས་སྐར་དུས་སྟོན་དེར། ཐའེ་ཝན་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་དག་གིས་ཆ་ཤས་བླངས་ནས་མཉམ་ཞུགས་གང་ལེགས་གནང་ཡོད་པའི་གནས་འཕྲིན་དུ།།

རྫ་ཚེ་རིང་བཀྲ་ཤིས་གྱིས།

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 98

Leave a Reply