ཐེངས་འདིའི་གྲོས་ཚོགས་མཇུག་བསྒྲིལ་ཡོད་པ་རེད།

“ད་ལྟ་ཆོལ་ཁ་ཆོས་ལུགས་ཀྱི་མཐུན་ལམ་ལ་གནོད་གཞིར་གྱུར་པ་དང་། ༧གོང་ས་མཆོག་ལ་མཚན་སྨོད་ཀྱི་གཞི་གང་ཡང་ལྷག་མེད་ཅེས་གསལ་པོ་ཞུ་རྒྱུ་ཡིན། གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་རྒྱ་ཆེའི་མང་ཚོགས་བློ་བདེ་པོ་བྱས་”ཞེས་སྤྱི་འཐུས་ཚོགས་གཙོས་གསུངས་སོང་།

དེ་ཡང་ཟླ་འདིའི་ཚེས་༢༨ ཉིན་སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་མཇུག་བསྒྲིལ་ཡོད་པ་དང། ཉིན་དགུ་རིང་གྲོས་ཚོགས་ནང་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་༧། ཁྲིམས་སྒྲིག་བསྐྱར་བཅོས་ཁག་ཅིག ལྷན་ཁང་ཁག་གི་ལས་བསྡོམས་ཐོག་བགྲོ་གླེང་དང་། བསྐྱར་ཞིབ། བཀའ་ཤག་གིས་ལན་འདེབས་གསལ་བཤད། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་བཅས་གནང་ཡོད་པ་རེད།

ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་གྲོས་ཚོགས་མཇུག་བསྡོམས་ཀྱི་གཏམ་བཤད་གནང་དོན། “ང་ཚོས་ལས་དོན་གང་བརྩམས་ནའང་བོད་མིའི་སྒྲིག་འཛུགས་དང་། བོད་མི་རིགས་ཀྱི་ལས་དོན་དང་འབྲེལ་བ་ཡོད་པ་ཆགས་དགོས་རེད་ལ། བོད་དོན་བདེན་མཐའ་གསལ་ཐབས་སུ་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབས་ཐོག་ལ་ལས་རིམ་སྒྲིག་དགོས་རེད། ད་ལྟའི་ཆར་ཆབ་སྲིད་ཐོག་དམར་ཤོག་གི་སྒྲིག་འཛུགས་ལ་ལམ་སེང་འགྱུར་བ་འགྲོ་ཡི་བཤད་ཐུབ་ཀྱི་མ་རེད་དེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐོག་ནས་བཟང་ཕྱོགས་ཀྱི་འགྱུར་བ་ངོས་འཛིན་བྱས་ན་མ་འགྲིག་པ་མེད་པའི་གནས་སྟངས་ཡོང་གི་འདུག ཉེ་ཆར་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེན་གྱིས་རྡུལ་ཕྲན་མཚོན་ཆ་འབྲེལ་བའི་ཐོག་གནད་དོན་གང་ཡིན་ནའང་། ཕན་ཚུན་སྐད་ཆ་བཤད་ནས་ཐག་གཅོད་བྱེད་དགོས་སྐོར་གསུངས་འདུག ༧གོང་ས་མཆོག་གི་དགོངས་གཞི་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་སྲིད་ཇུས་དབུ་མའི་ལམ་གྱི་ཐོག་ནས། བོད་རྒྱ་གཉིས་ཕན་ལ་མདུན་བསྐྱོད་བྱེད་ཐུབ་པ། ཅིག་བྱས་ན། བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བའི་རེ་བ་ཞིག་མཐོང་གི་ཡོད་རེད། ང་ཚོའི་སྒྲིག་འཛུགས་ངོས་ནས་གོ་སྐབས་དམ་འཛིན་བྱེད་ཐུབ་དགོས་པ་དང་། གནས་སྟངས་དེའི་ཐོག་འཐུས་ཤོར་མེད་པ་བྱེད་དགོས་པ་གལ་ཆེ་ཤོས་རེད། རྒྱ་ནག་གཞུང་གིས་བོད་དོན་ཐོག་ལག་པ་མ་འཆང་ནས་མུ་མཐུད་ལྷག་ཐུབ་མེད་པ་མཐོང་གི་ཡོད་རེད། བོད་ནང་གི་སེམས་ཤུགས་དང་ལྷག་བསམ་གྱིས་བོད་མིའི་འདུ་ཤེས་དམ་འཛིན་ཐུབ་པ་དེ་གཅིག་རེད།  ང་ཚོ་བཙན་བྱོལ་ནང་ནས་༧གོང་ས་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སེམས་ཁུར། རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་ཐུགས་སྣང་གནང་གི་ཡོད་པས། རྒྱ་ནག་གིས་བོད་དོན་ཟུར་ལ་གཡུག་ནས་འཇོག་པ་ཞིག་ཡོང་གི་མེད་པའི་མཐོང་སྣང་བྱུང་སོང་”ཞེས་དང་། བོད་ཀྱི་སྐད་ཡིག་ལ་དོ་སྣང་དགོས་སྐོར་དང་། ད་ལྟའི་ཆར་གྲོས་ཚོགས་འདི་ཡང་སོ་སོའི་སྐད་ཡིག་ཐོག་འཚོགས་ཐུབ་པ་དེ་གཟི་བརྗིད་ཆེན་པོ་མི་གཞན་གྱིས་ཀྱང་མཐོང་གི་ཡོད་སྐོར་གསུངས་སོང་།

ཚོགས་གཙོས་གྲོས་ཚོགས་འདིའི་ནང་གནད་དོན་གཅིག་གི་ཐོག་གྲོས་ཚོགས་འཐུས་མི་ཁག་ཅིག་ཕྱི་ལ་ཐོན་ནས་ཚོགས་ཐེངས་གཅིག་འཚོགས་མ་ཐུབ་པའི་སྐོར་དང་འབྲེལ་ནས་གསུང་སྐབས། གནད་དོན་དེ་སྲིད་སྐྱོང་གིས་གསལ་བཤད་གནང་བ་དང་། ཚོགས་གཙོའི་གཏམ་བཤད་རྗེས། སྐད་ཆ་གསལ་པོ་ཆགས་པ་དང་། སྤྱི་འཐུས་དེས་སྐད་ཆ་ཕྱིར་འཐེན་བྱས་རེད། ཚོགས་གཙོས་གྲོས་ཚོགས་ཀྱི་དེབ་ཐེར་ནས་ཕྱིར་འཐེན་བྱེད་རྒྱུའི་ཐག་གཅོད་བྱས་ཡོད་པས། “ད་ལྟ་ཆོལ་ཁ་ཆོས་ལུགས་ཀྱི་མཐུན་ལམ་ལ་གནོད་གཞིར་གྱུར་པ་དང་། ༧གོང་ས་མཆོག་ལ་མཚན་སྨོད་ཀྱི་གཞི་གང་ཡང་ལྷག་མེད་ཅེས་གསལ་པོ་ཞུ་རྒྱུ་ཡིན། གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་རྒྱ་ཆེའི་མང་ཚོགས་བློ་བདེ་པོ་བྱས་”ཞེས་གསུངས་པ་དང་། གྲོས་ཚོགས་འཐུས་མི་ཚོས་སྐད་ཆར་རིང་ཐུང་རེ་ཤོར་བ་ལ་སྤྱི་འཐུས་ཚོས་འགན་ཁུར་དགོས་སྐོར་དང་། མང་ཚོགས་ཀྱི་ངོས་ནས་སྐད་ཆ་བཅད་གཏུབ་བྱས་ཏེ་གང་སར་གཏོང་བ་སོགས་ལ་མང་ཚོགས་ཀྱིས་ཀྱང་འགན་ཁུར་དགོས་སྐོར་གསུངས་སོང་།

དེ་བཞིན་ཚོགས་གཙོས་བོད་མི་རིགས་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག བསམ་ཚུལ་མ་མཐུན་པ་གང་བྱུང་ཡང་བགྲོ་གླེང་གྲོས་བསྡུར་བྱས་ཏེ་ནུས་པ་མཉམ་སྤུངས་དགོས་སྐོར་དང་། སྤྱི་འཐུས་ཀྱི་ངོས་ནས་ལས་འགུལ་ཞིག་སྤེལ་རྒྱུར་ཐག་གཅོད་བྱས་ཡོད་སྐོར་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

 

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 624

Leave a Reply