དཀར་མཛེས་རྫོང་དུ་རང་སྲེག་ངོ་རྒོལ།

ཟླ་འདིའི་ཚེས་༡༥ ཉིན་གྱི་སྔ་དྲོ་ཁམས་དཀར་མཛེས་རྫོང་ཐོག་ཏུ་བོད་མི་ཞིག་གིས་རང་ལུས་མེར་སྲེག་བཏང་སྟེ་སྐུ་གྲོངས་ཡོད་འདུག

གནས་ཚུལ་དེ་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཁག་ཏུ་ཁྱབ་པ་ལས་ཁ་གསལ་ར་སྤྲོད་བྱུང་ཐུབ་མེད་པ་རེད། འབྲེལ་ཡོད་ཅིག་གིས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། རང་ལུས་མེར་སྲེག་དེ་ཕྱི་ཟླ་༤ ཚེས་༡༥ ཞོགས་པའི་ཆུ་ཚོད་༧ ཙམ་ལ་བྱུང་ཡོད་པ་དང་། ཆུ་ཚོད་༡ ཙམ་རིང་རྒྱ་ནག་གི་དམག་མི་དང་ཉེན་རྟོག་པ་སླེབས་མེད་པས། ཧ་ཅང་ཤུགས་ཆེན་པོ་ཚིག་སྟེ་གྲོངས་ཡོད་པ་ལས། ངོས་འཛིན་ཡང་གསལ་པོ་མ་ཐུབ་པ་ཆགས་ཡོད་འདུག

ཉིན་དེར་དཀར་མཛེས་རྫོག་ཐོག་ཏུ་རང་སྲེག་ལས་འགུལ་བྱུང་བའི་བརྙན་ཞིག་ཁྱབ་ཡོད་པ་དང་། དེའི་ནང་རྒྱ་ནག་གི་ཉེན་རྟོག་པས་མེ་བསད་པ་དང་གཡས་གཡོན་གྱི་མི་མང་སྐོར་བདའ་བྱེད་ཀྱི་ཡོད་པ་གསལ་ཡོད་ནའང་། འབྲེལ་ཡོད་ཀྱིས་འགྲེལ་བརྗོད་བྱས་པ་ལྟར་ན། བརྙན་དེའི་ནང་ཉི་མ་ཤར་སྟངས་ལ་བལྟས་ན། ཉིན་དེའི་རང་སྲེག་ལས་འགུལ་གྱི་བརྙན་ཡིན་པར་དོགས་གཞི་ཡོད་པ་དང་། འདི་ལོའི་ཕྱི་ཟླ་༣ ཚེས་༡༨ ཉིན་ཁམས་ཉག་རོང་ནས་ཡིན་པ་པདྨ་རྒྱལ་མཚན་གྱིས་དཀར་མཛེས་རྫོང་ཐོག་ཏུ། རྒྱ་ནག་ལ་རང་ལུས་མེར་སྲེག་གི་ངོ་རྒོལ་བྱེད་སྐབས་ཀྱི་ས་གནས་དང་གཅིག་པ་ཡིན་འདུག བོད་ནང་དུ་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་རང་ལུས་མེར་སྲེག་དང་ངོ་རྒོལ་ཁྲོམ་སྐོར་བྱེད་མཁན་མང་པོ་ཡོང་གི་ཡོད་པ་དང་། གཞུང་གི་དམ་དྲག་འོག་གནས་ཚུལ་ཁ་གསལ་རྒྱུས་ལོན་ཐུབ་ཀྱི་མེད་པ་རེད། ཉེ་ཆར་ཕྱི་ཟླ་༣ ནང་རང་སྲེག་རྒྱ་རྒོལ་བྱུང་རྗེས་ནས་དཀར་མཛེས་ཁུལ་གྱི་རྫོང་ཁག་མང་པོའི་ནང་དམ་དྲག་ཆེ་རུ་བཏང་ཡོད་པ་རེད།
ཤེས་རྟོགས་བྱུང་བ་ཕྱི་ལོ་༢༠༠༩ ལོ་ནས་བཟུང་ད་བར་བོད་ནང་ནས་རང་སྲེག་རྒྱ་རྒོལ་བྱེད་མཁན་༡༤༧ ཡོད་པ་བོད་མིས་སྒྲིག་འཛུགས་ནས་ངོས་འཛིན་བྱས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 96

Leave a Reply