དགའ་ལྡན་ཁྲི་ཐོག་༡༠༤ པའི་ཁྲི་སྟོན་མཛད་སྒོ།

ཟླ་འདིའི་ཚེས་༤ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཊི་རུ་རྟེན་གཞི་བྱས་པའི་དགའ་ལྡན་ཚོགས་ཆེན་དང་དགའ་ལྡན་ཁྲི་ཐོག་ཁང་གཉིས་ཀྱི་ནང་དུ། དགའ་ལྡན་ཁྲི་ཐོག་༡༠༤ པ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དགའ་ལྡན་ཁྲི་པའི་ཁྲི་ལ་མངའ་གསོལ་གྱི་མཛད་སྒོ་འཚོགས་ཡོད་པ་རེད།
དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོ་༢༠༡༧ ལོའི་ཟླ་༦ ཚེས་༡༢ ཉིན་བྱང་རྩེ་ཆོས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་དགའ་ལྡན་ཁྲི་ཐོག་༡༠༤ པར་བསྐོ་གཞག་གི་བཀའ་ཡིག་ཕྱག་རྟགས་བསྩལ་ཡོད་པ་དང་། ཟླ་འདིའི་ཚེས་༤ ཉིན་གྱི་ཁྲི་སྟོན་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་དང་། ཤར་པ་ཆོས་རྗེ་རིན་པོ་ཆེ། འབྲས་སྤུངས་ཁྲི་པ། གདན་ས་ཆེན་པོ་གསུམ་གྱི་མཁན་པོ་དང་མཁན་ཟུར། དགེ་ལུགས་སྤྱི་འཐུས། གཞན་ཡང་ལྷོ་སྤྱི་དང་། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་སྐུ་ཚབ་རྣམས་ཀྱིས་དགའ་ལྡན་ཁྲི་རིན་པོ་ཆེ་སྤྱན་རྒྱ་སྤོས་སྣེ་དང་བཅས་ཕེབས་བསུ་ཟབ་རྒྱས་དང་བཅས་ཏེ་དགའ་ལྡན་བླ་སྤྱིར་འཇམ་མགོན་རྒྱལ་བའི་གསེར་ཁྲིར་མངའ་གསོལ་གྱི་མཎྜལ་རྟེན་གསུམ་འདེགས་འབུལ་དང་སྐུ་མགྲོན་རྣམས་ལ་མཇལ་ཁ་གནང་ཡོད་པ་རེད།

དགའ་ལྡན་ཁྲི་པ་བློ་བཟང་བསྟན་འཛིན་མཆོག་ཕྱི་ལོ་༡༩༣༥ ལོར་བོད་གཙང་སྟོད་ལྷ་རྩེ་ཁུལ་དུ་སྐུ་འཁྲུངས་པ་དང་། ༧རྒྱལ་དབང་ལྔ་པས་ཕྱག་བཏབ་པའི་ལྷ་རྩེ་དགོན་དུ་ཆོས་ཞུགས་དང་མཁན་ཆེན་བསྟན་འཛིན་རྒྱ་མཚོའི་སྐུ་མདུན་ནས་རབ་ཏུ་བྱུང་། དགུང་ལོ་ཉེར་ལྔའི་ཐོག་ཁྲི་བྱང་རིན་པོ་ཆེའི་ཞལ་ལྔ་ནས་བསྙེན་རྫོགས་ཀྱི་བསྡོམས་པ་བཞེས། རྒྱ་ནག་གིས་བོད་དབང་བསྒྱུར་རྗེས་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་ནས་སྦག་ས་ཆོས་སྒར་དུ་བཞུགས། ༡༠༧༠ ལོ་ནས་རྒྱ་གར་ལྷོ་ཕྱོགས་སེར་ར་དགོན་པར་བཞུགས་པ་དང་། གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་སློབ་གཉེར་གནང་ནས་༡༩༧༨ ལོར་ལྷ་རམས་པའི་མཚན་རྟགས་བཞེས།
རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ནི་སེར་བྱེས་མཁས་སྙན་གྲྭ་ཚང་གི་གཙང་པ་ཁང་ཚན་ནས་ཡིན་ཞིང་། རིམ་བཞིན་རྒྱུད་གྲྭར་ཞུགས་ནས་མདོ་སྔགས་ཟུང་འབྲེལ་གྱི་གནད་རྣམས་གསན་བསམ་དང་། བྱང་རྩེ་ཆོས་རྗེའི་ཁྲི་ལ་ཕེབས། ༢༠༡༧ ལོའི་ཕྱི་ཟླ་༦ ཚེས་༢༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་༡༠༤ པར་བསྐོ་གཞག་གི་བཀའ་ཡིག་ཕྱག་རྟགས་བསྩལ་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 337

Leave a Reply