དགོད་བྲོའི་ལམ་ནས་བོད་དོན་ངོ་སྤྲོད་བྱེད་བཞིན་འདུག

༢༠༡༧།༦།༡༤ གཟའ་ལྷག་པ། གསར་འགོད་པ་ཆོས་ཉིད་འོད་ཟེར།
ཉིན་འདིར་དྷ་སའི་གནམ་གཤིས་ནི་ཉི་མ་ཤར་ཏེ་ཚ་བ་ཆེ་བ་དང་ཡང་ཆར་བ་བབས་ཏེ་ལྷག་རླུང་ཡང་ཅུང་ལྡིང་བའི་ཆུ་ཚོད་རེ་རེའི་ནང་འགྱུར་ལྡོག་རེ་འགྲོ་བཞིན་འདུག་ལ། ངས་དགོང་མོའི་ལས་མཚམས་བཞག་པ་དང་སྔ་ཉིན་ནས་མཐོང་བའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་བྱས་པའི་བོད་དོན་དང་འབྲེལ་བའི་དགོད་བྲོའི་གཏམ་བརྗོད་དེ་ལྟ་རུ་ཕྱིན་པ་ཡིན། ལས་འགུལ་དེ་མེག་གྷན་ཇཱི་མེ་ཐབ་ཚང་ཐོག་ཏུ་འཚོགས་འདུག་ལ། དེར་འབྱོར་དུས་ལས་འགུལ་འགོ་འཛུགས་བྱས་སོང་། ཚོགས་པ་དེའི་ངོས་ནས་སྐབས་མཚམས་སྐབས་མཚམས་གཟའ་ལྷག་པ་ལ་བོད་དོན་དང་འབྲེལ་བའི་ལས་འགུལ་སྤེལ་གྱི་ཡོད་པ་རེད།
བོད་དོན་དང་འབྲེལ་བའི་དགོད་བྲོའི་གཏམ་བརྗོད་འཁྲབ་མཁན་མང་ཆེ་བ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ནང་དྭངས་བླངས་ལས་ཀ་བྱེད་མཁན་རྒྱ་གར་ན་གཞོན་ཁག་ཅིག་རེད་ལ། དེར་རྒྱ་གར་བ་དང་ཕྱི་རྒྱལ་ཁག་ནས་མགྲོན་པོ་མང་ཙམ་འཛོམས་ནས་དོ་སྣང་ཆེན་པོས་ལྟ་ཉན་ཡང་བྱེད་བཞིན་འདུག བོད་མི་གོ་སྒྲིག་པ་དང་དེའི་འབྲེལ་ཡོད་ཁག་ཅིག་ལས་མི་འདུག་ལ། རྒྱབ་ཕྱོགས་དེར་ཕོ་སར་མོ་སར་ཁག་ཅིག་ཡོད་ནའང་ཇ་ཁང་དུ་ཡོང་བ་ཡིན་པ་ལས། ལས་འགུལ་ལ་ལྟ་རུ་ཡོང་བ་ཡིན་ཚོད་མི་འདུག་ལ། དོ་སྣང་ཙམ་ཡང་བྱེད་ཀྱི་མི་འདུག སྤྱིར་བོད་མིའི་གོམས་གཤིས་ནང་འགྲོ་ཞོར་འདུག་ཞོར་ཤེས་ཡོན་སྦྱོང་ཐབས་བྱེད་མཁན་དཀོན་པོ་རེད་ལ། ལས་འགུལ་དང་མཉམ་དུ་སློབ་གཉེར་ལ་དོ་སྣང་བྱེད་མཁན་ཡང་དཀོན་པོ་རེད། དེ་བས་བཙན་བྱོལ་སྤྱི་ཚོགས་ནང་གི་བོད་མི་ཚོ་བོད་དོན་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་ཉུང་དུ་འགྲོ་བཞིན་ཡོད་པ་མ་ཟད། བོད་དོན་གནས་བབས་དེ་ག་རེ་ཡིན་པ་ཡང་མགོ་འཐོམ་དུ་འགྲོ་བཞིན་ཡོད་པ་ལས། སོ་སོ་ག་རེ་ཡིན་པ་ར་འཕྲོད་མཁན་ཁག་ཏུ་འགྲོ་བཞིན་ཡོད་པའི་ཚོར་སྣང་བྱུང་། དུས་རྒྱུན་བོད་པའི་རིག་གཞུང་གོམས་གཤིས་ག་རེ་རེད་ཟེར་ན། མང་ཆེ་བས་མགྲིན་དབྱངས་གཅིག་ཏུ་བྱམས་སྙིང་རྗེ་རེད་ཅེས་དང་། ཡ་རབས་བཟང་སྤྱོད་རེད་ཅེས་ལན་འདེབས་བྱེད་ཀྱི་འདུག དེ་ལ་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཡོད་ལ། ཕྱི་ཡུལ་དུ་སྡོད་ཡུན་རིང་ནས་བོད་ཀྱི་གནས་བབས་ལ་སེམས་ཐག་རིང་དུ་འགྲོ་བ་དང་། སློབ་གཉེར་གྱི་ཁོར་ཡུག་དེ་བོད་རང་ལ་དབང་བ་ཞིག་མེད་པས་བོད་དང་འབྲེལ་བའི་སློབ་ཚན་དཀོན་པ། དེ་བས་བཙན་བྱོལ་བོད་མི་རང་ངོས་ནས་འཐབ་རྩོད་ཀྱི་དམིགས་ཡུལ་གཅིག་ངེས་ཅན་སློབ་སྦྱོང་སྤྲོད་མ་ཐུབ་པར་འགྱུར་ལྡོག་མང་པོ་སོང་ནས་ན་གཞོན་ཚོ་མགོ་བོ་འཐོམ་བྱེད་དུ་གྱུར་ཡོད་སྲིད་པ་རེད། ད་ལྟ་བོད་དང་བོད་ཀྱི་རིག་གཞུང་གོམས་གཤིས་དེ་སངས་རྒྱས་ཆོས་ལུགས་དང་དེའི་བྱེད་ལས་ཁོ་ན་ཙམ་ལ་གོ་བ་ལེན་མཁན་ཇེ་མང་རེད།
ད་་་་ཉིན་དེའི་ལས་འགུལ་གྱི་ངོ་བོ་དངོས་གནས་བཤད་ན། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་བྱེད་བློ་བཟང་ཚེ་བརྟན་གྱིས་འགྲེལ་བརྗོད་གནང་དོན། “ལས་འགུལ་དེ་ཆོབ་ལངས་ནས་དགོད་བྲོའི་རྣམ་པའི་ཐོག་ནས་བྱས་ཡོད་ལ། འཐབ་རྩོད་ག་འདྲ་ཞིག་ཡིན་ནའང་། ཆོབ་ལངས་ན་བརྡ་སྤྲད་ཐུབ་ཀྱི་ཡོད་རེད། སྤྱིར་བོད་ནང་རང་སྲེག་ངོ་རྒོལ་སོགས་བྱས་ཏེ་ཛ་དྲག་རེད། ང་ཚོས་དགོད་བྲོའི་ལམ་ནས་བོད་དོན་ངོ་སྤྲོད་དང་མི་མང་ལ་གོ་རྟོགས་སྤེལ་ཆེད་ཡིན། རྒྱ་གར་དང་ལྷོ་ཨ་ཧྥི་རེ་ཁ་སོགས་ཕྱི་ལ་བལྟས་ན་ཆོབ་ལངས་ནས་ལས་འགུལ་མང་པོ་སྤེལ་ཡོད་རེད། ཆོབ་ལངས་ནས་གད་མོ་སློང་བཞིན་བོད་དོན་གོ་རྟོགས་སྤེལ་ན་བརྡ་ཡག་པོ་སྤྲོད་ཐུབ་ཀྱི་རེད། གནད་དོན་དངོས་སུ་བཤད་བསྡད་ན་ཉོབ་མཁན་དང་དོ་སྣང་མི་བྱེད་མཁན་ཡང་ཡོད་རེད། ང་ཚོས་དེ་རིང་རྒྱ་ནག་གི་ཆུ་རག་སྐོར་དང་། རྒྱ་ནག་གིས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ཟེར་གྱི་ཡོད་པ་དེར་ཆོབ་ལངས་པའི་ཐོག་ནས་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་སྐོར། རྒྱ་ནག་ཁོ་རང་ཚོའི་ནང་དུ་དམ་དྲག་ཡོད་པའི་སྐོར་སོགས་དགོད་བྲོ་དང་གློག་བརྙན་བཟོས་ཡོད་པ་རེད་”ཅེས་འགྲེལ་བརྗོད་བྱས་སོང་།
ཨོ་་་་ལས་འགུལ་གྱི་ཉིན་དེ་ནི་གཟའ་ལྷག་པ་༧གོང་ས་མཆོག་གི་བླ་གཟའ་རེད་ལ། བོད་མི་ཡོངས་ཀྱིས་གལ་ཆེན་དུ་བརྩིས་ཏེ། ཉིན་དེར་དགེ་སྒྲུབ་སྡུག་སྤོང་བྱེད་མཁན་ཡང་མང་པོ་ཡོད་རེད། ༢༠༠༨ ལོའི་བོད་ནང་གི་རྒྱ་རྒོལ་ཆེན་མོའི་རྗེས་སུ། བོད་ནང་ནས་གཟའ་ལྷག་པ་ཉིན་བོད་མིའི་ངོ་བོ་མ་བརླགས་ཆེད་དང་། རྒྱ་བོད་ཐ་དད་ཡིན་པ་མཚོན་ཆེད་དུ་མཉམ་རུབ་ཐོག་ཚང་མས་བྱེད་ཐུབ་པའི་ལས་འགུལ་ཞིག་འགོ་བཙུགས་རེད། དེ་ནི་ཉིན་དེར་བོད་ཟས་ཟ་བ་དང་། བོད་ཆས་གྱོན། བོད་སྐད་བཤད། ཅ་ལག་ཉོ་ཚོང་ཡང་བོད་པ་ནང་ཁུལ་དུ་བྱེད་པའི་ཆབ་སྲིད་ཀྱི་ལས་འགུལ་ཤུགས་ཆེན་ཞིག་རེད། ལས་འགུལ་དེའི་རིགས་མི་རིགས་ཀྱི་འཐབ་རྩོད་པ་མང་པོའི་ནང་བྱུང་ཡོད་རེད། དེ་རྗེས་བཙན་བྱོལ་ནང་དེར་གཞོག་འདེགས་ཆེད་ལས་འགུལ་མང་པོ་སྤེལ་ཡོད་ནའང་། རིམ་པས་དེ་ནི་སྔོན་ལྟར་དགེ་སྒྲུབ་དང་བོད་ཆས་གྱོན་དགོས་པ་ཙམ་ལས་རྒྱུན་མཐུད་དེ་ཙམ་བྱེད་ཐུབ་མེད་པ་རེད། བཙན་བྱོལ་བོད་གཞུང་ཟེར་ན་བོད་མིའི་སྒྲིག་འཛུགས་ནས་ཀྱང་དགེ་སྒྲུབ་དང་བོད་ཆས་ཐོག་ཤུགས་སྣོན་མང་པོ་བརྒྱབ་སྟེ། ལས་བྱེད་བོད་སྐད་འཁྱོལ་ལ་མི་འཁྱོལ་མཁན་ཚོས་ཀྱང་ཉིན་དེར་བོད་ཆས་གྱོན་དགོས་པ་སྒྲིག་གཞི་ཆགས་འདུག རྒྱུ་རྐྱེན་དུ་མའི་དབང་གིས་བོད་ནང་ཡང་ས་གནས་དང་མི་སྒེར་རེ་ཟུང་ལས་ཚང་མས་དེ་ཙམ་ནུས་ཤུགས་འདོན་ཐུབ་ཀྱི་མེད་པ་དང་། ངས་ཤེས་རྟོགས་བྱུང་བའི་ནང་ནས་གཟའ་ལྷག་པ་རྟག་པར་ལས་འགུལ་རྒྱུན་མཐུད་ཡོད་པ་ནི་ད་ལྟའི་ཆར་ནིའུ་ཡོག་ལྷག་དཀར་ལས་འགུལ་བ་ཚོ་རེད་མོད། དེར་ཡང་གནད་དོན་ཚང་མ་རྒྱུན་མཐུད་ཐུབ་ཐབས་མེད་པ་རེད། གང་ལྟར་༢༠༠༨ ལོའི་རྗེས་ནས་བྱུང་བའི་དམིགས་ཡུལ་རྣམས་བརླགས་གྲབས་ཡོད་པའི་ཚོར་སྣང་བྱུང་ལ། དེ་ཚོ་ཚང་མ་བཤད་ན་སྣང་བར་འགྲོ་མཁན་ཡང་དཀོན་པོ་ཆགས་ཉེན་འདུག གང་ལྟར་ལས་འགུལ་དེ་དགེ་སྒྲུབ་དང་། རྗེས་སུ་འགོག་རྒོལ་གྱི་དྭངས་བླངས་ལས་འགུལ་ཞིག་ཡིན་པ་ལས། ཁྲིམས་སྒྲིག་གིས་བཙུར་གནོན་དང་། ཆབ་སྲིད་དང་མ་འབྲེལ་བའི་ལས་འགུལ་སྤེལ་དགོས་པ་ཞིག་མ་ཡིན་ནོ། དགོང་མོ་དེར་མཐོང་ཐོས་བྱུང་བའི་གནས་ཚུལ་དྲན་སོས་པ་ཁག་ཡིག་ཐོག་ཏུ་ཕབ་ཡིན་ལ། འདིར་མཚམས་འཇོག་གི་ཡིན།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||