དགྲ་བོ་ཆེན་པོ་དང་། དགྲ་བོ་ཆུང་ཆུང་།

བོད་ཀྱི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་། རྒྱ་ཡི་ལིའུ་ཞོ་པའོ་གཉིས་ཀྱི་ཚེ་སྲོག་འཛམ་གླིང་མི་མང་གི་ཁ་སྒོ་དང་། རྒྱལ་སྤྱིའི་འགོ་འཁྲིད་ཚོའི་མིག་མདུན་ནས་རྒྱ་གཞུང་གིས་འདི་ལྟར་འཕྲོགས་པས། རྒྱ་ནག་དེ་དུས་རབས་ཉེར་གཅིག་པར་ཞི་བདེ་དང་། རང་དབང་གི་དགྲ་བོ་སྟེ། སྲིད་དབང་སྒེར་གཅོད་པའི་ལག་དམར་བ་སྡུག་ཤོས་དེ་ཡིན་པ་འཛམ་གླིང་ལ་གསལ་པོར་གྱུར།

དེ་ལྟར་སོ་སོའི་མི་རིགས་ཀྱི་སྤྱི་ཚོགས་བདེ་རྩ་དང་། རང་དབང་དམངས་གཙོའི་དོན་དུ་རྣམ་དཔྱོད་དང་བློ་ཁོག་ཡངས་པའི་སྐྱེས་མཆོག་གཉིས་རྒྱ་ནག་གིས་མེད་པ་བཟོས་པ་དེ་ནི་རྒྱ་ནག་ཁོ་ན་མིན་པར། འགྲོ་བ་མི་རིགས་སྤྱི་དང་ལྷག་པར་འགན་ནུས་ལྡན་པའི་རྒྱལ་སྤྱིའི་འགོ་འཁྲིད་ཚོའི་ངོ་ཚ་དང་ནག་ཉེས་ཀྱང་ཡིན། དེ་ནི་འཛམ་གླིང་རྒྱལ་ཚོགས་ཀྱི་བསྒྲགས་གཏམ་ནང་འཁོད་རང་དབང་དང་། འདྲ་མཉམ། དྲང་བདེན་དང་། བདེན་རྒྱབ་ཅེས་པའི་འབོད་སྒྲ་ལ་རྩིས་མེད་དང་ཁྱད་གསོད་ཚབས་ཆེན་ཡིན།

དེ་རིང་རྒྱ་མི་ལིའུ་ཞོ་པའོ་རྒྱ་ནག་གི་བཙོན་འོག་ནས་མ་གྲོངས་སྔོན་དུ་ཕྱིའི་རྒྱལ་ཁབ་ཁག་གཉིས་ཀྱི་ཁྱད་ལས་མཁས་པ་གདན་ཞུས་ཀྱིས་བརྟག་དཔྱད་བྱེད་བཅུག་པ་མ་ཟད། གྲོངས་རྗེས་མ་མཐའ་ཡང་པུར་ཐལ་ནང་མིར་སྤྲད་དེ་ཆུ་རུ་བཤམས་ཏེ་རྒྱ་ལུགས་ཀྱི་རྗེས་འཇུག་ཞུ་བཅུག་ཡོད་ཀྱང་། དེ་སྔོན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་ལ་ཕྱི་རྒྱལ་ནས་ཁྱད་ལས་སྨན་པ་གདན་ཞུས་ཀྱི་བརྟག་དཔྱད་ཞུ་བཅུག་མེད་ལ། གདུང་ཐལ་ཡང་ནང་མིར་རྩིས་སྤྲོད་བྱས་མེད། ད་དུང་བོད་ལུགས་ཀྱི་རྗེས་འཇུག་ཙམ་ཡང་ཞུ་མ་བཅུག་པ་སོགས་ནི། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རྒྱ་ནག་གིས་ལྐོག་བཀྲོངས་བྱས་པའི་གསང་བ་སྦས་ཐབས་དང་། ཁོང་གཉིས་ཀ་སྲིད་དོན་བཙོན་པ་ཡིན་ཡང་བོད་མི་ནི་དགྲ་བོ་ཆེན་པོ་དང་། རྒྱ་མི་ལྟ་བ་མི་མཐུན་པ་རྣམས་ནི་དགྲ་བོ་ཆུང་ངུ་ཡིན་པའི་དབྱེ་བ་འབྱེད་སྟངས་ཤིག་ཡིན་པ་གསལ་པོར་གྱུར་པའི་གནས་ལུགས་དེ་ཉིད། མ་འོངས་རྒྱ་ནག་ལ་རེ་བ་བཅོལ་མཁན་བོད་མི་ཚོས་ཤེས་རྟོགས་དང་ངོས་ལེན་གནང་མི་དགོས་སམ། ལྷག་པར་བོད་རང་བཙན་སླར་གསོ་མིན་པར། མ་འོངས་རྒྱ་ནག་གི་རྩ་ཁྲིམས་འོག་ཏུ་རང་སྐྱོང་ཙམ་གྱིས་འགྲིག་པར་གླེང་མཁན་ཚོས་མ་མཐའ་ཡང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཡོད་ཀྱང་། རྒྱ་ནག་གི་འོག་ནས་༧གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུའི་སྐུའི་བདེ་འཇགས་ལ་ཡང་འགན་ལེན་མེད་པའི་དོན་དངོས་དེ་ཁས་ལེན་དང་སེམས་འཚབ་ཀྱི་བློ་ཞིག་སྐྱེ་ཡི་མི་འདུག་གམ།

མདོར་ན་བོད་དང་བོད་མི་ནམ་ཡང་རྒྱ་ནག་གི་དགྲ་བོ་ཆེན་པོ་དེ་ཡིན་པས། བོད་རང་བཙན་སླར་གསོ་ཁོ་ན་བོད་དང་བོད་མིར་འགན་ལེན་ཡིན་པའི་མྱོང་ཚོར་བཅོས་མིན་ཞིག་ཡོང་གི་མི་འདུག་གམ། དེ་ལྟར་ལབ་དུས་མི་མང་པོ་ཞིག་གིས་ཁྱོད་ཚོ་རང་བཙན་འདོད་མཁན་ཚོར་བོད་རང་བཙན་སླར་གསོའི་འཆར་གཞི་གང་ཡོད་དམ་ཟེར་བ་ནི་ངན་གོམས་སུ་གྱུར་ཡོད། དྲི་བ་དེ་དང་འགན་དེ་བོད་མིས་བོད་མིར་གཡོགས་རྒྱུ་ཞིག་མིན་པར། འགན་དང་འཆར་གཞི་དེ་བོད་མི་ཡོངས་ལ་འཁྲི་བ་ཞིག་ལས། གཡོལ་ཐབས་དང་གཡས་ཁག་གཡོན་དཀྲི་བྱ་ས་མེད་པ་བོད་མི་ཞིག་ཡིན་པ་ཙམ་གྱིས་ཚང་མར་འགན་འཁྲི་བ་ཞིག་ལས། རང་བཙན་ལ་འབད་མཁན་ཚོའི་ནག་ཉེས་དང་དམིགས་བསལ་འགན་འཁྲི་མིན་པ་དེ་ལོ་རྒྱུས་ཀྱིས་བསྐུར་བའི་ལས་འགན་ཡིན།

ལིའུ་ཞོ་པའོ་ནི་རྒྱ་མི་དང་། བསྟན་འཛིན་བདེ་ལེགས་ནི་བོད་མི་ཡིན་པས་ཁོང་གཉིས་བསྡུར་ས་དང་འབྲེལ་ས་མེད་རུང་། དེང་གི་བོད་མི་མགོ་ཡང་ཚོས་བྱེད་བབས་ཀྱིས་མ་བསྡུར་དང་མ་འདྲི་ཀ་མེད་དུ་གྱུར། ཁྱེད་ཚོས་ལིའུ་ཞོ་པའོ་ལྟར་བོད་ཀྱི་དཔའ་བོ་རྣམ་པ་རེ་རེ་བཞིན་དུ་གུས་འདུད་དང་། མྱ་ངན་གྱི་ལས་འགུལ་འདི་འདྲ་ཞིག་བརྩམས་མྱོང་ངམ། སོམས་དང་། སྤྱིར་སུ་ཞིག་གིས་རང་མི་རིགས་ཀྱི་རང་དབང་དོན་དུ་ཚེ་སྲོག་བློས་བཏང་བ་ནི། རླབས་ཆེན་དང་གུས་འདུད་ངེས་པར་ཞུ་འོས་ཤིང་། ལིའུ་ཞོ་པའོ་ཁོང་རང་ཉིད་ཀྱི་སྲིད་གཞུང་གི་བཙོན་ཁང་འོག་ནས་ཤི་བ་ནི་བོད་དོན་ཆེད་མིན་ལ། ཁོང་བོད་པ་ཡང་མིན།

རྒྱ་མི་ལིའུ་ཞོ་པའོ་ཡིས་བོད་ཀྱི་རྩ་དོན་མ་ཡིན་པའི་(བོད་ཀྱི་བདེན་དོན་སྟེ་བོད་རང་བཙན་ནི་བོད་ཀྱི་རྩ་དོན་དེ་ཡིན། )བོད་ཀྱི་གནད་དོན་རེ་ཟུང་ཐོག་ནས་བོད་ལ་ཤ་ཚ་ཡོད་སྙམ་གྱི་ཡིག་འབྲུ་ཁ་ཤས་སྤེལ་མྱོང་ཡོད་པས། གུས་འདུད་དང་མྱ་ངན་ཙམ་ཞུ་འོས། འོན་ཀྱང་བོད་མི་ཧ་ཅང་མང་པོས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་མྱ་ངན་གྱི་མིག་ཆུ་དང་། གདུང་སེམས་མཉམ་སྐྱེད་ཀྱི་ཚ་རླབས་འདི་དེ་སྔོན་སྤྲུལ་སྐུ་བསྟན་བདེ་ལེགས་དང་། བོད་དོན་ཆེད་རང་ལུས་མེར་སྲེག་གནང་མཁན་རང་རིགས་ཕུ་ནུ་མིང་སྲིང་ཚོ་ལས་ཚད་མཐོ་བའི་རྒྱ་ལ་དགའ་ཞིང་རྒྱ་ལ་གཅེས་པའི་སྤྲེལ་ལད་གཡམ་རྒྱུགས་ཀྱི་འཁྲབ་སྟངས་འདི་རིགས་མཐོང་དུས། ད་ནི་ང་ཚོ་བོད་པ་རྣམས་ངོ་མ་རུས་རྐང་ཆུ་ལ་ཐུག་ཚར་འདུག་སྙམ་པའི་སྐྱོ་སེམས་བྲག་རོང་ལས་བརྡབ་པའི་རྦ་རླབས་བཞིན་དགུང་དུ་འབྱོ་ཞིང་འཕྱོ། དེ་རིང་རྒྱ་ནག་གི་མི་གཅིག་གི་ཚེ་སྲོག་ཤི་ཡང་། ང་ཚོ་བོད་པ་ཚང་གི་འཐབ་རྩོད་དང་། བོད་བཙན་པོའི་རུས་རྐང་དེ་འདི་ལྟར་ཤི་འགྲོ་བ་མཐོང་དུས་ང་ངོ་མ་འཇིགས་སྣང་དང་སྐྱོ་བ་ཆེ།

སྐད་འཕྲིན་ཚོགས་པ་ཁག་ཅིག་ནང་དེ་རིང་རྒྱལ་གཅེས་དཔའ་བོ་བསྟན་འཛིན་ཆོས་དབྱིངས་ལས་ཀྱང་ཁ་སང་ལིའུ་ཞོ་པོ་ལ་སེམས་ཚོར་གྱི་གཏམ་དང་བརྡ་མཚོན་བཏང་བ་ཧ་ཅང་མང་བ་བྱུང་སོང་ལ། ལྷག་པར་འཐབ་རྩོད་དང་བོད་ཀྱི་མིང་ཐོག་ནས་ཉིན་རེའི་ལས་དོད་ཟ་མཁན་སྡེ་ཚན་ཁག་ཅིག་གི་ལས་སྣེ་ཚོས་ལས་ཁུངས་དང་སྒེར་གྱི་ངོ་དེབ་སོགས་ལ་རྒྱལ་གཅེས་དཔའ་བོ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་སྐོར་ཟུར་ཙམ་ཡང་མེད་པར། ལིའུ་ཞོ་པའོ་ལ་གུས་འདུད་རྗེས་དྲན་དང་དཔར་ལ་ཁ་བཏགས་འཐེན་པའི་གནས་ཚུལ་དང་འདྲ་དཔར་ཡོངས་གྲགས་སུ་རིག་རྒྱུ་མཆིས། བྱེད་སྟངས་འདི་རིགས་ང་ཚོ་བོད་མི་རྣམས་བོད་དང་བོད་མི་ལས་ཀྱང་འཛམ་གླིང་ཞི་བདེ་དང་། རྒྱ་མི་རིགས་ལ་སེམས་ངལ་དང་། འགན་འཁུར་ཆེ་མདོག་རེད་དམ། ཡང་ན་ཁོ་རང་བོད་དོན་རྒྱབ་སྐྱོར་བ་ཞིག་རེད་ཟེར་ནས་ཡིན། དེ་ལྟར་ན་དེ་སྔོན་མི་ལོ་སུམ་ཅུ་ཙམ་བོད་ཀྱི་རྩ་དོན་ལ་ཁ་ཞེ་གཉིས་ཀྱི་རྒྱབ་སྐྱོར་གནང་མཁན་ཨེ་ལི་སི་པར་ལིང་གྲོངས་སྐབས་ཅི་ཞིག་བྱས་ཡོད་དམ།

དེ་མིན་ཁོ་རང་རྒྱ་ནག་གཞུང་དང་ལྟ་བ་མི་མཐུན་པར། རྒྱ་ནག་གཞུང་གི་འགལ་ཟླ་ཡིན་པས་ཡིན་ཟེར། དེ་ལྟར་ན་ད་བར་རྒྱ་ནག་གི་བཙན་འོག་ནས་ཡུ་གུར་དང་ལྷོ་སོག་གི་བདེན་དོན་འཐབ་རྩོད་པ་ཇི་སྙེད་ཅིག་ཚེ་སྲོག་ཤོར་བར་ཅི་ཞིག་བྱས་མྱོང་ངམ།

ཡང་ན་རྒྱ་ནག་གིས་འཁྱོག་བཤད་ལྟར་ང་ཚོ་”ཀྲུང་ཧ་མི་རིགས”གཅིག་པ་དང་། “མེས་རྒྱལ་ཁྱིམ་ཚང་ཆེན་མོ་གཅིག་པ་”ཡིན་པས་ང་ཚོའི་སྤུན་ཟླ་གྲོངས་སོང་ཟེར་གྱི་ཡོད་དམ། ཡང་ན་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕ་མ་མ་བྱས་པ་གཅིག་ཀྱང་མེད་ཟེེར་བའི་ཉམས་ལེན་དེ་ཡིན། དེ་ལྟར་ཡིན་ན་བོད་པ་ནང་ཁུལ་དབྱེ་འབྱེད་དང་། མ་ཉེས་ཁག་གཡོགས་ཀྱི་སྦྱོར་བ་སུ་ལས་ཀྱང་རྩུབ་ཅིང་རྣོ་བ་སྤེལ་དོན་ཅི།

ད་དུང་བཙན་བྱོལ་ནང་ནས་གང་ཡོང་ཅི་ཡོང་གིས་བོད་ཀྱི་བདེན་དོན་འཐབ་རྩོད་ཆེད་རང་ནུས་གང་ཡོད་ཀྱིས་རྒྱ་ནག་ལ་ངོ་རྒོལ་ལས་འགུལ་སྤེལ་བར། “ལྷ་ཁང་བཞེངས་པའི་ངོ་སོ་མེད་པར། ས་རྡོ་དབོར་བའི་ཉེས་པ”ཞེས་པའི་གཏམ་དཔེ་བཞིན། ཉེ་བའི་ལོ་ཤས་ནས་བཟུང་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་རིགས་རྒྱ་ནག་གཞུང་ལ་ཁོང་ཁྲོ་སློང་བྱེད་དང་། བོད་ནང་དྲག་གནོན་བྱེད་སྤྱད་ཆགས་ཚུལ་འགོག་གནོན་དང་ཉེས་ཁག་བསམ་མི་ཕོད་པ་གཡོགས་ཀྱང་། དེ་རིང་ལིའུ་ཞོ་པའོ་ལ་གདུང་སེམས་མཉམ་སྐྱེད་བྱེད་པ་འོ་ན་རྒྱ་ནག་གཞུང་ལ་ཁོང་ཁྲོ་སློང་བྱེད་དུ་འགྱུར་གྱི་མེད་དམ། འདི་རིགས་ཐམས་ཅད་འགལ་བའི་ཁུར་ཆེན་བཅོ་བརྒྱད་རང་གིས་རང་ལ་བཞེངས་པ་མ་ཡིན་ནམ། རེ་ཞིག་སྒེར་གཅོད་དང་ཤོག་ཤག་དཔུང་སྒྲིག་གི་བྱེད་སྟངས་སྐྱུག་བྲོ་པོ་འདི་དག་ཁུངས་འཁྱོལ་ཙམ་འབྱུང་སྲིད་ཀྱང་། འགྲོ་བ་མིའི་རིགས་སྤྱིའི་ལོ་རྒྱུས་དང་། ཡང་སྒོས་མ་འོངས་ཁ་བ་ཅན་གྱི་དཔྱོད་ལྡན་ཚོས་ལོ་རྒྱུས་ལ་བསྐྱར་ཞིབ་བྱེད་དུས་དཀར་ནག་བསེད་བཀྲོལ་གྱི་ཐིག་ཤིང་གིས་ཐར་པ་མི་གཏོང་བ་བདེན་དོན་གྱི་གནས་ལུགས་ཡིན་པ་ཤེས་དགོས།

བཙན་བྱོལ་བོད་མི་ཁག་ཅིག་གིས་བོད་དང་བོད་ཀྱི་འཐབ་རྩོད་ལ་མཐོང་ཆུང་དང་ཁྱད་གསོད་གཏོང་རྒྱུ་ཧ་ཅང་མང་དྲགས་སོང་།

རང་ཉིད་སུ་ཞིག་ཡིན་པ་དང་། སུས་ཕ་ས་བཙན་གྱིས་འཕྲོགས་ཤིང་། རང་ཡུལ་ན་དགྲ་བོ་རྒྱ་ནག་གིས་བོ་མི་རིགས་རྩ་མེད་དང་། རིག་གཞུང་གཏོར་བཤིགས། ཐོན་ཁུངས་བཤུ་བཞོག དྲན་གནོན་གནར་གཅོད་འོག་ཤ་རུས་གཅིག་པ་ཚོས་དཀའ་སྡུག་ཅི་ཞིག་མྱོང་བཞིན་པ་མི་དྲན་པར། ང་ཚོས་འདི་ནས་རང་ཉིད་བོད་ལ་གཉེན་འཕྲད་སོགས་ཕྱིར་ལོག་ཐུབ་ཐབས་ཙམ་སོགས་ལ་དམིགས་ཏེ། རྒྱ་ལ་དགའ་མདོག་ཉེ་མདོག་འདི་རིགས་གཞིས་ལུས་སྤུན་ཟླའི་འཐབ་རྩོད་དང་སེམས་ཚོར་ལ་རྨ་ཁ་བཟོ་ཡི་མེད་དམ།

ངོ་མ་བོད་ལས་ངན་འདི་ཁ་ཁོག་མི་གཅིག་ལ་རང་ངོ་མི་ཤེས་པའི་མགོ་སྟོང་གི་མི་རབས་ཅིག་ཏུ་གྱུར་པ་འདི”ཕ་ཙནྡན་གྱི་སྡོང་པོ་ལ་བུ་ཆུ་ཤིང་གི་ཡལ་ག་སྐྱེས་”ཞེས་པ་ལྟར། སྔར་བོད་བཙན་པོ་ཚང་ལ་ད་ལྟ་དགྲ་བོ་རྒྱ་ལ་མགོ་སྒུར་གཉའ་ཆག་དང་། རྒྱ་ལ་གཅེས་ཤིང་རྒྱ་ལ་སྤྲེལ་ལས་བྱེད་པའི་བུ་རབས་ངོ་ཚ་མེད་པ་ཁྱུ་གཅིག་བྱུང་བ་འདི་ཅི་ཞིག་གིས་ལན་པ་ཡིན་ནམ།

དེ་རིང་གི་བདེན་གཏམ་འདི་དངོས་མཐོང་དངོས་མྱོང་ཞིག་སེམས་ཁོངས་ནས་ཤད་ཀྱིས་གླེང་བ་ཡིན་པས། འཁྱོག་བཤད་དང་ཉེས་ཁག་ཇི་ལྟར་གཡོགས་ཀྱང་བོད་རྒྱའི་ཤ་འཁོན་དང་བོད་བཙན་པོའི་རུས་རྐང་སླད་དུ་ངས་སྤོབས་པའི་ངང་ནས་ནག་ཉེས་འཁུར་ཆོག། ནིའུ་ཡོག་ནས་སྤོ་ཆུང་ཚང་དོན་གྲུབ་ལྷ་དར་གྱིས་ཕྱི་ལོ་2017། 7། 14 དགོང་མོར་བྲིས་ཏེ་ཚེས་ 15 ཞོགས་པར་བཟོ་བཅོས་དང་ཁ་སྣོན་ཞུས།། །།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 167

Leave a Reply