དད་པ་ནི་མི་མངོན་པའི་སྟོབས་ཤུགས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༦༢   ཕྱི་ལོ་ ༢༠༡༧/༨  /༣༠

 

དེང་སྐབས་བོད་པའི་སྤྱི་ཚོགས་ནང་དད་པ་དེ་ཕན་ཐོགས་གང་ཡང་མེད་པའི་ཅ་ལག་ཅིག་ཏུ་བརྩི་བཞིན་པ་དང་། དབང་རྣོན་ཆོས་ཀྱི་རྗེས་འབྲངས་དགོས་པའི་ལམ་སྟོན་དང་བསམ་ཚུལ་བོད་པའི་སྤྱི་ཚོགས་ཀྱི་མཐོ་དམན་བར་གསུམ་གང་ས་དུས་རྒྱུན་གོ་རྒྱུ་ཡོད་པའི་ལམ་སྟོན་ནམ་བསམ་ཚུལ་ཞིག་ཏུ་གྱུར་ཡོད། དོན་དངོས་ཐོག་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་མི་རེ་ངོ་རེ་ནས་ཞུས་དག་གམ། ཡིག་ཚད་ཅིག་གཏོང་རྒྱུའི་གོ་སྐབས་ཡོད་ན་སེར་སྐྱ་མི་མང་ཚང་མའི་ངོས་ནས། དད་པ་ཡོད་པའི་བརྒྱ་ཆ་དེ་ཧ་ཅང་ཉུང་ཉུང་ཞིག་མིན་ནམ་བསམ་པའི་མཐོང་ཚུལ་ཞིག་དུས་རྒྱུན་མངོན་རྒྱུ་འདུག འོན་ཀྱང་ཚང་མས་དད་པ་ཡོད་རབས་བཤད་པ་མ་ཟད། གཞན་ལ་དད་པ་མེད་མཁན་གྱི་ཞྭ་མོ་གང་སར་གཡོགས་ནས་ཁ་གཏད་གཅོག་གང་ཐུབ་བྱེད་མཁན་ནི། བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ཟུར་ངོས་གང་སར་མཐོང་རྒྱུ་ཡོད། འོན་ཀྱང་བཙན་བྱོལ་བོད་པའི་ནང་ནས་མི་སྣ་རྒན་རབས་པའི་ནང་དུ་སེམས་གཏིང་ནས་དཀོན་མཆོག་གསུམ་ལ་ཡིད་ཁྱེད་ཤེས་ཀྱིས་དད་པ་ཡོད་མཁན་ཡང་མི་ཉུང་བ་ཞིག་ཡོད་པ་ནི་སྨྲོས་མི་དགོས་པ་རེད།

རྒྱ་དམར་དྲག་པོའི་གཞུང་གིས་རིག་གནས་གསར་བརྗེ་ཟེར་བའི་སྲོལ་རྒྱུན་གྱི་ཆོས་དང་རིག་གནས་སོགས་དཔལ་ཡོན་ཚང་མ་རྩ་མེད་བཟོ་བའི་སྐབས་སུ་བེད་སྤྱོད་བྱས་པའི་མིང་ཚིག “རྨོངས་དད་”ཅེས་པ་ནི་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ཆེས་བེད་སྤྱོད་ཆེ་བའི་གཙོ་རྒྱུག་ཐ་སྙད་ཀྱི་གྲས་སུ་ཚུད་ཡོད། རྒྱ་དམར་གཞུང་གིས་དམིགས་ཡུལ་དང་འཆར་གཞི་ཡོད་པའི་ཐོག་ནས་ཐ་སྙད་འདི་ཆེད་བཟོ་བེད་སྤྱོད་བྱས་པ་ཞིག་ཡིན་ལ། བཙན་བྱོལ་ནང་དུའང་ཐ་སྙད་དེ་ནི་ལད་ཟློས་ལྟ་བུའི་ཐོག་ནས་དར་ཁྱབ་ཏུ་སོང་ཡོད། ད་དུང་སྐབས་རེ་ཆོས་བརྒྱུད་ཕན་ཚུན་གཅིག་གིས་གཅིག་ལ་དམའ་འབེབས་བྱེད་སྐབས་ང་ཚོ་རིགས་པ་ཁོ་ན་བེད་སྤྱོད་གཏོང་མཁན་དང་། ཁྱེད་ཚོ་རྨོངས་དད་ཁོ་ན་བེད་སྤྱོད་བྱེད་མཁན་ཡིན་ཚུལ་ཚང་མས་བརྗོད་ཀྱི་ཡོད། སྤྱིར་ཡང་དག་པའི་ལྟ་བ་ཞིག་རྟོགས་པར་རིགས་པ་ཁོ་ནས་མི་ཡོང་བ་དང་། དད་པ་ཁོ་ནས་ཀྱང་རྟོགས་དཀའ་བ་སྤྱི་ཡོངས་ནས་དཀའ་ལས་ཁག་པོ་ཡོད་པ་དམ་པའི་སྐྱེས་བུ་དུ་མའི་ཡང་ཡང་གསུངས་པའི་སྡོམ་ཚིག་ཅིག་ཡིན། འོན་ཀྱང་གང་ཟག་ལས་སྐལ་ཅན་རེ་ཟུང་དད་པ་ཁོ་ནས་གྲོལ་བའི་ལོ་རྒྱུས་ཀྱང་མང་པོ་ཡོད།

གང་ལྟར་ད་ལྟའི་ཆར་བོད་ཕྱི་ནང་གཉིས་གཅིག་སྒྲིལ་གྱི་གཞི་རྩ་གཙོ་བོ་ནི་༧གོང་ས་མཆོག་ཡིན་པ་ཡོངས་གྲགས་ཡིན་པ་མ་ཟད། གྲགས་པ་ཙམ་མ་ཡིན་པར་དོན་ལ་གནས་པའང་ཚང་མས་ཤེས་གསལ་རེད། དེ་ཡང་གཙོ་བོ་དད་པ་ལ་རག་ལས་ཡོད་པར་སུས་ཀྱང་བསྙོན་དུ་མེད། དེར་བརྟེན་ཆོས་ཕྱོགས་ཙམ་དུ་མ་ཟད། ད་ལྟ་བོད་པའི་ཛ་དྲག་གནས་སྟངས་ཀྱི་ཐོག་ནས་བཤད་ཀྱང་དད་པ་ནི་སྤང་བྱ་ཁོ་ན་ཡིན་ཞེས་བརྗོད་འོས་དང་མི་འོས་ལ་བསམ་གཞིག་བྱེད་རྒྱུའི་དུས་ལ་བབ་ཡོད། དད་སེམས་རྩ་བརླགས་སུ་གྱུར་པའི་རྗེས་སུ་བོད་པར་དམིགས་བསལ་གྱི་ལེགས་བྱང་ཁྱད་པར་བ་ཞིག་གང་ཡང་མེད། སྤྱིར་དབང་རྣོན་ཆོས་ཀྱི་རྗེས་འབྲངས་ཞེས་པ་དེ་ཡང་དད་པ་དང་མ་འབྲེལ་བ་ཞིག་མིན་ལ། དད་པ་ལའང་དང་འདོད་ཡིད་ཆེས་ཕྱིར་མི་ལྡོག་པའི་དད་པ་བཅས་ཡོད། དེར་བརྟེན་ཆོས་ཀྱི་རྗེས་འབྲངས་དགོས་ཀྱང་རིགས་པ་ལ་བརྟེན་ནས། ངེས་ཤེས་དང་དད་པ་སྐྱེ་བ་ཞིག་ཏུ་གོ་དགོས་པ་ལས། དད་པ་གཏན་ནས་མེད་པར་ཆོས་སྒྲུབ་མཁན་དུ་རློམ་པ་དག་ནི་དོན་གྱིས་ཆོས་པ་ཞིག་གཏན་ནས་མིན་པ་གསལ་པོར་གྱུར་ཡོད།

སྤྱིར་དབང་རྣོན་ཆོས་ཀྱི་རྗེས་འབྲངས་ཞེས་པ་མི་ཚེ་ལ་ནང་ཆོས་སློབ་གཉེར་བྱེད་མཁན་དག་ཡིན་དགོས་ཀྱང་། མང་པོ་ཞིག་ལ་སེམས་གཏིང་ནས་དད་པ་ཡང་དག་པ་ཞིག་སྐྱེས་ཡོད་མེད་བཤད་མི་ཤེས་ལ། བཤད་སྟངས་དང་བྱེད་སྟངས་གང་ཐད་ནས་ད་དུང་དོན་དངོས་སུ་ཐེ་ཚོམ་གྱི་སྒྲོག་ལས་གྲོལ་ཐུབ་པ་ལྟ་བུའང་མང་པོ་མཐོང་རྒྱུ་ཡོད་ཀྱང་། རྩ་བས་དད་པ་ཡོད་མེད་ཕྱི་ནས་བལྟས་ན་ཤེས་ཐུབ་པ་ཞིག་མིན་པས་ཁ་ཚོན་ཡོངས་སུ་གཅོད་ཐབས་བྲལ་བ་ཞིག་རེད། གང་ལྟར་ནང་ཆོས་ལ་སློབ་སྦྱོང་མི་ཚེ་གཅིག་ལ་བྱེད་མཁན་དག་དབང་རྣོན་ཆོས་ཀྱི་རྗེས་འབྲངས་ཡིན་པའི་དབང་དུ་བཏང་ཡང་། ནང་ཆོས་ལ་སློབ་སྦྱོང་མང་པོ་བྱ་རྒྱུའི་གོ་སྐབས་མེད་པ་དང་། བྱེད་ཐུབ་པ་དག་ལ་ཆོས་ཕྱོགས་ཁོ་ན་བསམ་ན་དད་པའི་རྗེས་འབྲངས་ཙམ་ཡིན་ནའང་མི་འགྲིག་པ་མེད་སྙམ། དད་པ་དེ་སྤོང་དགོས་པ་ཞིག་ཡིན་པའི་ལམ་སྟོན་དང་སྐུལ་འདེད་གང་མང་བྱས་ནས་ཤུགས་རྐྱེན་ཐེབས་ན། རིམ་པས་བོད་པ་ནི་དམིགས་བསལ་གང་ཡང་མེད་པའི་མི་རིགས་ཤིག་ཏུ་འགྱུར་ངེས་པ་རེད། དེར་བརྟེན་བོད་པ་ལ་མཚོན་ན་ད་ལྟའི་ཆར་དད་པ་ནི་ཚེ་སྲོག་དང་འབྲེལ་བ་ཡོད་པ་ཞིག་ཏུ་གྱུར་ཡོད།

མདོར་བསྡུས་ན་དད་པ་ད་ལྟའི་ཆར་བོད་ལ་ཡོད་པའི་སྟོབས་ཤུགས་དང་བདེ་སྐྱིད་གཉིས་ཀ་དད་པ་ཡིན་པ་དང་། བོད་ཕྱི་ནང་གཉིས་ནས་དེ་མེད་པ་བཟོ་ཐབས་བྱས་ན་དོན་གྱིས་བོད་པའི་སྟོབས་ཤུགས་དང་བདེ་སྐྱིད་གཉིས་ཀ་མེད་པ་བཟོ་ཐབས་བྱེད་པ་དང་གཅིག་མཚུངས་སུ་གྱུར་ཡོད། དད་པ་སྟོབས་ཤུགས་ཡིན་པ་གོང་དུ་བརྗོད་པ་བཞིན་༧གོང་ས་མཆོག་བོད་མི་ཚང་མས་གཙུག་ཏུ་བཀུར་བ་དེ་ཡང་གཙོ་བོ་དད་པ་ལ་བརྟེན་ནས་བྱུང་ཡོད་ལ། ལས་འབྲས་ལ་ཡིད་ཆེས་ཀྱིས་ཚད་ལས་བརྒལ་བའི་འདོད་རྔམ་མི་བྱེད་པ་དེ་ཡང་གཙོ་བོ་དད་པ་ལ་བརྟེན་ནས་བྱུང་ཡོད། མི་ཐུབ་པ་དང་མི་འཇོན་པའི་རེ་སྟོང་འབའ་ཞིག་ལ་འདོད་རྔམ་བྱས་ན་འགྲུབ་དཀའ་བ་དང་། འགྲུབ་པའི་དབང་དུ་བཏང་ཡང་དོན་གྱིས་འཐོབ་བྱ་སྡུག་བསྔལ་ཁོ་ན་ལས་མེད་པ་ལོ་སྟོང་ཕྲག་མང་པོའི་སྔོན་ནས་བྱུང་བའི་ལྟ་གྲུབ་ཀྱི་གཞུང་ལུགས་སུ་གསལ་བ་ཙམ་མ་ཡིན་པར། དེང་སྐབས་ཀྱང་མངོན་སུམ་དུ་མྱོང་བས་གྲུབ་པ་ཞིག་རེད། དེར་བརྟེན་བོད་མི་རིགས་ཀྱི་ངོས་ནས་རྩ་མེད་གཏོང་དགོས་པ་དེ་དད་པ་མ་ཡིན་པར་དད་ལོག་ཡིན་པ་གསལ་པོར་གྱུར་ཡོད་སྙམ།།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 118

Leave a Reply