དཔལ་ས་སྐྱའི་ཁྲི་འཛིན་ཞེ་གཉིས་པ་གསེར་ཁྲིར་མངའ་གསོལ།

ཟླ་འདི་ཚེས་༩ ཉིན་རྒྱ་གར་བྱང་ཕྱོགས་སྤུ་རུ་ཝ་ལ་དཔལ་ས་སྐྱའི་མ་དགོན་དུ། ས་སྐྱ་༧གོང་མ་རིན་པོ་ཆེའི་གདུང་སྲས་བགྲེས་པ་༧གོང་མ་རཏྣ་བཛྲ་རིན་པོ་ཆེ་ས་སྐྱའི་ཁྲི་འཛིན་༤༢ པའི་མཚན་གསོལ་ཞུས་ཏེ། ཆོས་ཕྱོགས་དང་ཕྱི་ལུགས་ཀྱི་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་ཟབ་རྒྱས་ཤིག་འཚོགས་ཡོད་པ་རེད།

དེ་ཡང་གོང་ཚེས་ཉིན་སྔ་དྲོ་ཚོུད་༦ ཐོག་སྐྱབས་མགོན་༧གོང་མ་ཁྲི་ཆེན་༤༡ པ་ཆེན་པོ་མཆོག་དབུ་བཞུགས་ཐོག་བརྟན་བཞུགས་ཀྱི་སྒྲུབ་ཞག་མཛད་ཡོད་པ་དང་། ཚོུད་༨་༣༠ཐོག་སྐྱབས་མགོན་༧གོང་མ་རཏྣ་བཛྲའམ་ངག་དབང་ཀུན་དགའ་བློ་གྲོས་དབང་ཕྱུག་རིན་ཆེན་འཇིགས་མེད་འཕྲིན་ལས་ས་སྐྱའི་སྒྲོལ་མ་ཕོ་བྲང་ནས་ཕོ་བྲང་རྣམ་གཉིས་ཀྱི་སྐུའི་གདུང་སྲས་རྣམ་པ་དང་གདན་ས་ཁག་གི་མཁན་ཞབས་དྲུང་རྣམ་པ། ༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཚབ་དང་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དབུས་པའི་རང་དབང་ཅན་གྱི་སྡེ་ཚན་གྱི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་དང་སྤྱི་འཐུས་རྣམ་པ་གཙོས་པའི་ཕྱི་ནང་གི་སྐུ་མགྲོན་སྟོང་ཚོ་མང་པོས་གནའ་དེང་གིས་ཕེབས་བསུ་ཟབ་རྒྱས་ཀྱི་ཐོག་ནས་ས་སྐྱ་མ་དགོན་ཐུབ་བསྟན་རྣམ་རྒྱལ་གླིང་གི་གཙུག་ལག་ཁང་དུ་གདན་ཞུ་གནང་། ཚོུད་༩ པར་སྐྱབས་མགོན་༧གོང་མ་རཏྣ་བཛྲ་རིན་པོ་ཆེས་ཁྲི་ཆེན་༤༡ པ་ཆེན་པོ་མཆོག་ལ་མནྜལ་སྐུ་གསུམ་ཐུགས་རྟེན་འབུལ་མཚམས་གསེར་ཁྲིར་ཞབས་སོར་འཁོད་ཡོད་པ་དང་།  མཛད་གཙོ་རྣམ་པའི་མཇལ་དར་དང་རྟེན་གསུམ་འདེགས་འབུལ་ཞུས། དེ་ནས་གདུང་སྲས་སྐུ་གཞོན་རིན་པོ་ཆེས་བརྟན་བཞུགས་ཀྱི་མཎྜལ་ལྗགས་བཤད་མཛད་གྲུབ་བསྟུན་བླ་བྲང་ཁག་དང་དགོན་སྡེ་གྲྭ་ཚང་ཁག་ཡུལ་གྲུ་གང་ས་ནས་ཕེབས་པའི་ཆོས་ཚོགས་ཁག་ཚོགས་སྡེ་བཅས་ནས་རིམ་བཞིན་མནྜལ་སྐུ་གསུང་ཐུགས་རྟེན་འབུལ་ལམ་ཞུས་ཏེ་སྔ་དྲོ་མཛད་རིམ་གྲུབ་ཡོད་པ་རེད།

ཉིན་རྒྱབ་སྐྱབས་མགོན་༧གོང་མ་རཏྣ་བཛྲ་རིན་པོ་ཆེས་སྔོན་གྱི་ཕྱག་སྲོལ་ལྟར་སེར་སྐྱ་མི་མང་ལ་ཆོས་རྗེ་ས་པཎ་གྱིས་མཛད་པའི་ཐུབ་པ་དགོངས་གསལ་གྱི་ཆོས་འབྲེལ་བཀའ་དྲིན་བསྐྱངས་ནས་ཆོས་ཕྱོགས་ཀྱི་མཛད་རིམ་གྲུབ་ཡོད་པ་རེད། ཕྱི་ཚེས་༡༠ ཉིན་སྔ་དྲོ་ཚོུད་༦ ཐོག་མང་ཚོགས་ནས་གསུམ་བཅུའི་དུས་དྲན་སྲུང་བརྩི་བྱས་པ་དང་། ཚོུད་༩་༣༠ནས་ཕྱི་ལུགས་ཀྱི་མཛད་སྒོ་ལྟར་གསུང་འཕྲིན་དང་གཏམ་བཤད་ཁག་ས་པཎ་རྣམ་ཐར་གྱི་འཁྲབ་སྟོན་བཅས་གནང་། ཕྱི་ཚེས་༡༡ ཉིན་ས་སྐྱ་སྨོན་ལམ་ཐེབས་རྩའི་གོ་སྒྲིག་འོག་ས་སྐྱ་པའི་ལྷ་སྡེ་མི་སྡེ་ཡོངས་ནས་སྐྱབས་མགོན་༧གོང་མ་ཁྲི་ཆེན་ ༤༡ པ་ཆེན་པོ་ལ་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་ཏེ་ཁྲི་སྟོན་ལེགས་པར་གྲུབ་ཡོད་པ་རེད།

༧གོང་མ་རཏྣ་བཛྲ་རིན་པོ་ཆེ་འམ་ངག་དབང་ཀུན་དགའ་བློ་གྲོས་དབང་ཕྱུག་རིན་ཆེན་འཇིགས་མེད་འཕྲིན་ལས་ནི་སྐྱབས་མགོན་༧གོང་མ་ཁྲི་ཆེན་༤༡ པ་ཆེན་པོ་མཆོག་ལ་གདུང་སྲས་གཉིས་ཡོད་པའི་ནང་ནས་བགྲེས་པ་དེ་ཡིན་ཞིང་། ཕྱི་ལོ་༡༩༧༤ ཟླ་༡༡ ཚེས་༡༩ ཉིན་རྒྱ་གར་བྱང་ཕྱོགས་ལྡེ་ར་རྡུན་དུ་སྐུ་འཁྲུངས་ཤིང་། སྐུ་ན་ཆུང་བའི་དུས་ནས་ཡབ་རྗེ་ས་སྐྱ་༧གོང་མ་ཁྲི་འཛིན་༤༡ པ་དབུས་མཁས་གྲུབ་མཚན་ལྡན་བླ་མ་མང་པོའི་མདུན་ནས་དབང་ལུང་མན་ངག་མང་པོ་ཐོབ་ཡོད་པ་མ་ཟད།  ཕྱི་ལོ་༡༩༩༠ ལོར་ས་སྐྱ་མཐོ་སློབ་དུ་སློབ་ཞུགས་གནང་སྟེ་མཁན་ཆེན་ལེགས་བཤད་ཀུན་དགའི་དྲུང་ནས་བཀའ་པོད་ལྔའམ་གཞུང་ཆེན་བཅུ་གསུམ། གྲགས་ཆེན་བཅོ་བརྒྱད་བཅས་གསན་བསམ་རྒྱ་ཆེ་མཛད། ཕྱི་ལོ་༡༩༩༨ ལོར་གཞུང་ལུགས་རབ་འབྱམས་ལ་མཁས་པའི་དབང་པོར་གྱུར་ནས་བཀའ་བཅུ་པའི་མཚན་གནས་ཀྱི་གཟེངས་བསྟོད་བཞེས་གནང་ཡོད་པ་རེད།

དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་༤༡ པ་ཆེན་པོ་མཆོག་ནས་དཔལ་ས་སྐྱའི་ཁྲི་འཛིན་ལམ་ལུགས་ཐད་ལོ་རྒྱུས་རང་བཞིན་གྱི་ལེགས་བཅོས་མཛད་རྒྱུའི་བཀའ་དགོངས་ཕེབས་པ་ལྟར།  ཕྱི་ལོ་༢༠༡༤ལོའི་ཟླ་༥ ཚེས་༨ཉིན། ས་སྐྱའི་སྒྲོལ་མ་ཕོ་བྲང་དང་ཕུན་ཚོགས་ཕོ་བྲང་རྣམ་གཉིས་ཞལ་འཛོམས་ཀྱིས་མཁྱེན་ཡོན་མཐར་ཕྱིན་པའི་ཕོ་བྲང་གཉིས་ཀྱི་གདུང་སྲས་སྐུ་ན་བགྲེས་རིམ་བཞིན་དུས་ཡུན་ལོ་གསུམ་རེར་ས་སྐྱའི་གསེར་ཁྲིར་ཕེབས་རྒྱུ་གཏན་འབེབས་མཛད་ཡོད་པ་དང་། ད་ལན་ས་སྐྱའི་ཁྲི་འཛིན་ལམ་ལུགས་ལེགས་བཅོས་མཛད་རྗེས་ཀྱི་ཁྲི་འདོན་མཛད་སྒོ་ཐོག་མ་དེ་ཆགས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share on Facebook54Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 218

Leave a Reply