དབུ་མའི་ལམ་དང་མཐུན་པ་དགོས་པའི་ལྔ་དང་ལྔ་བཅུའི་ཚོགས་འདུ་འཚོག་རྒྱུ་རེད་འདུག

བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་ཞུས་པའི་ལྔ་དང་ལྡ་བཅུའི་འཆར་སྣང་གི་ཚོགས་འདུ་དེར། ཚོགས་བཅར་བ་རྣམས་ཀྱིས་སྦས་གསང་མེད་པའི་ཐོག་ནས་བསམ་ཚུལ་བརྗེ་རེས་བྱེད་ཆེད་ཞུགས་མོལ་ཚོགས་འདུ་འཚོག་རྒྱུ་ཡིན་འདུག་ཀྱང་། བསམ་ཚུལ་རྣམས་དབུ་མའི་ལམ་དང་མཐུན་པ་དགོས་ཀྱི་ཡོད་ཁར། ཚོགས་འདུའི་ནང་བོད་མི་མང་སྤྱི་འཐུས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ཚོགས་བཅར་བ་མེད་པ་རེད་འདུག

ཟླ་༡༠ པའི་ཚེས་༥ ཉིན་དྷ་ས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་། ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་དང་ཤར་གླིང་བསྟན་འཛིན་ཟླ་སྒྲོན་བཅས་ཕེབས་ནས། ཟླ་༡༠ པའི་ཚེས་༦ ནས་༨ བར་ཉིན་གསུམ་རིང་འཚོགས་གཏན་འཁེལ་བའི། ལྔ་དང་ལྔ་བཅུའི་ཚོགས་འདུའི་སྐོར་གྱི་གསར་འགོད་ལྷན་ཚོགས་ཤིག་བསྐོང་འཚོགས་བྱས་སོང་།

སྲིད་སྐྱོང་བློ་བཟང་སེང་གེས་ལྔ་དང་ལྔ་བཅུའི་འཆར་སྣང་དང་འབྲེལ་བའི་སྐོར་གསུང་དོན་ལ། ༧གོང་ས་མཆོག་གིས་རེ་བ་བཟང་ས་ནས་བརྒྱབ། གྲ་སྒྲིག་སྡུག་ས་ནས་བྱོས་ཞེས་གསུངས་པ་ལྟར། ལོ་ལྔའི་ནང་གཙོ་བོ་དབུ་མའི་ལམ་གྱི་ཐོག་ནས་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་བར་ཞི་མོལ་བྱུང་ནས། མིང་དོན་མཚུངས་པའི་རང་སྐྱོངས་ཡོང་ཐབས་དང་། དེ་བཞིན་ལོ་ལྔ་བཅུ་ཡི་ནང་བོད་མིའི་སྒྲིག་འཛུགས་དང་བོད་ཀྱི་རྩ་དོན། བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ཀྱི་ཆིག་སྒྲིལ་དེ་ལོ་ལྔ་བཅུ་གནས་ཐུབ་པ་ཡིན་ན། རྒྱ་ནག་གཞུང་གིས་ཀྱང་བོད་མིའི་སྒྲིག་འཛུགས་དང་བོད་ཀྱི་རྩ་དོན། བོད་ཕྱི་ནང་གཉིས་ཀྱི་བོད་མིའི་ཆིག་སྒྲིལ་དེ་ལོ་ལྔ་བཅུ་གནས་རྒྱུ་ཡིན་པ་ངེས་ཤེས་རྙེད་ནས། གཉིས་སྨན་གྱི་ལམ་ནས་གྲོས་མོལ་བྱེད་སྲིད་པས། ལོ་ལྔ་བཅུའི་འཆར་གཞི་ཡིས་ལོ་ལྔ་ཡི་དགོས་དོན་གཙོ་བོ་ལ་ཕན་གྱི་ཡོད་སྐོར་གསུངས་སོང་། དེ་བཞིན་ལོ་ལྔ་བཅུའི་རིང་བོད་ཀྱི་ངོ་བོ་སྐད་ཡིག་ཆོས་དང་རིག་གཞུང་གནས་རྒྱུ་། ཤེས་ཡོན་ཡར་རྒྱས་གཏོང་རྒྱུ། བོད་མི་ཚོ་རང་ཁ་རང་གསོའི་ཐོག་ནས་རྒྱ་གར་དང་རྒྱལ་སྤྱིའི་ནང་བོད་དོན་ལ་རྒྱབ་སྐྱོར་གྱི་ནུས་པ་གོང་འཕེལ་ཡོང་ཐབས་བྱེད་པར་འཆར་གཞི་དགོས་ཀྱི་ཡོད་པས། ཐེངས་འདིར་རྒྱལ་སྤྱིའི་ནང་རྒྱལ་ཁབ་ཁག་གི་སློབ་སྟོན་པ་བྱེད་མཁན་མང་པོ་ཞིག་གིས། ལྔ་དང་ལྔ་བཅུའི་འཆར་གཞི་ལ་སྦས་གསང་མེད་པའི་ཐོག་ནས་ལམ་སྟོན་བྱ་རྒྱུར་རེ་སྐུལ་བྱས་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་བསམ་ཚུལ་ཕན་པ་རྣམས་ལ་ལག་བསྟར་ཡོང་ཐབས་བྱ་རྒྱུ་ཡིན་སྐོར་གསུངས་སོང་།

ཚོགས་འདུ་དེ་གོ་སྒྲིག་བྱེད་དགོས་པའི་རྒྱུ་མཚན་སྐོར་ལ་སྲིད་སྐྱོང་གིས་གསུང་དོན་ལ། རྒྱལ་སྤྱིའི་ནང་རྒྱ་ནག་གི་དབང་ཤུགས་ཆེ་རུ་འགྲོ་བཞིན་ཁར། རྒྱལ་སྤྱིའི་ཆབ་སྲིད་ནང་རྒྱལ་ཞེན་དང་མཁྲེགས་འཛིན་རིང་ལུགས། དེ་བཞིན་གུ་ཡངས་དང་རྒྱལ་སྤྱིའི་རིང་ལུགས་བར་འགལ་ཟླ་ཆགས་བཞིན་པའི་སྐབས། བོད་དོན་གྱི་གནས་བབ་ལ་རྒྱབ་སྐྱོར་ཡོང་ཐབས་དང་བདེན་མཐའ་སེལ་ཐབས་སུ། གནས་ཡོད་མི་སྣ་དང་ཆེད་ལས་མི་སྣ་རྣམས་ལས་ལམ་སྟོན་དང་བསམ་བློ་གསར་པ་རག་ཐབས་ཡིན་སྐོར་གསུངས་སོང་།

ཚོགས་བཅར་བ་སྐུ་མགྲོན་མང་པོ་ཞིག་ལ་བོད་དོན་ཐད་གོ་རྟོགས་ཆ་ཚང་བ་མེད་པ་དང་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་མིན་ཡང་། ཁོང་ཚོས་རྒྱུན་དུ་ནས་སོ་སོའི་གཞུང་ལ་ལམ་སྟོན་བྱེད་མཁན་ཡིན་པས། ཕྱི་ལོགས་ནས་བལྟས་ནས་ལམ་སྟོན་གནང་སྐབས་བསམ་བློ་གསར་པ་རག་པའི་རེ་བ་བྱེད་ཀྱི་ཡོད་པ་དང་། གལ་ཏེ་བསམ་བློ་གསར་པ་མ་བྱུང་ན་ཡང་བོད་མི་ནང་ཁུལ་ཚོགས་འདུའི་སྐབས་ཀྱི་བསམ་བློ་རྣམས་ལས་ཕྱི་ལས་བསམ་བློ་གསར་པ་ལེན་དགོས་པ་ཞིག་མེད་པར་ངེས་ཤེས་རྙེད་པའི་ཕན་ཐོགས་ཡོད་སྐོར་སྲིད་སྐྱོང་གིས་གསུངས་སོང་།

ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུས་འགྲེལ་བརྗོད་བྱས་པར་ལྟར་ན། ཚོགས་འདུའི་ཉིན་གསུམ་རིང་བརྗོད་གཞི་གཙོ་བོ་བཞི་ནི། བོད་རྒྱ་ཞི་མོལ་ཡོང་ཐབས། རྒྱ་གར་གཙོས་པའི་ཨེ་ཤི་ཡའི་ནང་བོད་དང་འབྲེལ་བ། རྒྱལ་སྤྱིའི་འབྲེལ་བ་དང་བོད་དོན་ཁྱབ་སྤེལ།  ལྔ་དང་ལྔ་བཅུའི་འཆར་སྣང་ལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་ཁུར་དང་སྣེ་ཁྲིད་བཅས་ཡིན་པ་དང་། ཚོགས་བཅར་བ་ཁྱོན་བསྡོམས་པའི་མི་གྲངས་༡༨༤ ཡོད་པའི་ཁྲོད་ནས། བོད་མི་མ་ཡིན་པའི་གྲངས་༨༢ དང་བོད་རིགས་༤༢། དེ་བཞིན་བཀའ་བློན་དང་དྲུང་ཆེ་རྣམ་པ། ཕྱི་དྲིལ་གྱི་ལས་བྱེད་རྣམས་པ་བཅས་ཡིན་འདུག བོད་རིགས་ནང་དུ་བཀའ་ཟུར་རྣམ་པ་དང་སྐུ་ཚབ་དོན་གཅོད་རྣམ་པ། དེ་བཞིན་བོད་དོན་ལ་ཉམས་ཞིབ་བྱེད་མཁན་བོད་མི་ཁག་ཅིག་ཀྱང་ཡོད་ཁར། རྒྱལ་ཁབ་མི་འདྲ་བ་༢༡ ནས་ཚོགས་བཅར་བ་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད་འདུག ཁོང་གིས་ཐེངས་འདིའི་ཚོགས་འདུ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་མིན་པས། བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་མིའི་ཚོགས་པ་རྣམས་མེད་ཁར། དེ་གར་ཚོགས་བཅར་བ་མང་ཆེ་བ་སོ་སོའི་གཞུང་ལ་ལམ་སྟོན་བྱེད་མཁན་དང་། ཆེད་ལས་པ་ཤ་སྟག་ཡིན་པས། ཕྱི་ལོགས་ནས་ལྔ་དང་ལྔ་བཅུའི་འཆར་སྣང་ལ་ཕན་པའི་བསམ་བློ་གསར་པ་རག་ཐབས་ཡིན་སྐོར་གསུངས་སོང་།

དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་གྱིས། ཚོགས་འདུའི་རིང་ཚོགས་བཅར་རྣམས་ཀྱིས་བསམ་ཚུལ་སྦས་གསང་མེད་པར་བཤད་ཐུབ་ཆེད་དུ། དེ་གར་བརྒྱུད་ལམ་ཁག་ཡོང་ཆོག་གི་མེད་པ་དང་། གཞུང་འབྲེལ་བརྒྱུད་ལམ་གྱིས་ཀྱང་དབུ་འབྱེད་མཛད་སྒོ་དང་། ཚེས་༧ གྱི་ཉིན་ཕྱེད་ལ་༧གོང་ས་མཆོག་གི་ཆིབས་བསྒྱུར་དང་བཀའ་སློབ། མཇུག་བསྡོམས་མཛད་སྒོ་སོགས་ལ་མ་གཏོགས་གནས་ཚུལ་འགོད་པར་ཡང་ཆོག་མེད་པ། དེ་བཞིན་གཞུང་འབྲེལ་མིན་པའི་བརྒྱུད་ལམ་ཚོས་ཚོགས་བཅར་བ་བཅར་འདྲི་བྱེད་ཆོག་ཀྱང་། ཚོགས་ཡུལ་དུ་ཡོང་ཆོག་གི་མེད་ཁར། ཚོགས་བཅར་བ་ཚོས་བཅར་འདྲི་དང་ལེན་བྱེད་སྐབས་ཚོགས་བཅར་བ་མི་གཞན་གྱི་མིང་འདོན་ཆོག་གི་མེད་ཁར། ཚོགས་བཅར་བ་ཚོས་ཚོགས་འདུའི་ནང་ཁ་པར་འཁྱེར་པ་དང་སྒྲ་འཇུག་བྱེད་ཆོག་གི་མེད་པའི་སྒྲིག་འཛུགས་ཡོད་སྐོར་གསུངས་སོང་།

དྲི་བ་དྲི་ལན་སྐབས་འདི་གའི་གསར་འགོད་པས། ཐེངས་འདིའི་ཚོགས་འདུ་ལ་སྤྱི་འཐུས་རྣམ་པ་ཕེབས་ཀྱི་མེད་པ་རེད་དམ་ཞེས་དྲིས་སྐབས། སྲིད་སྐྱོང་གིས་སྤྱི་འཐུས་རྣམ་པ་ནམ་རྒྱུན་འགྲོ་སྟངས་བྱས་ནས་དབུ་འབྱེད་མཛད་སྒོ་དང་༧གོང་ས་མཆོག་གི་ཆིབས་བསྒྱུར་སྐབས་སྤྱི་འཐུས་རྣམ་པ་གདན་དྲངས་ཀྱི་ཡོད་མ་གཏོགས། ཚོགས་བཅར་བའི་ནང་ལ་སྤྱི་འཐུས་མེད་སྐོར་ལན་འདེབས་གནང་སོང་།

དེ་བཞིན་ཚོགས་འདུའི་ནང་གཞུང་འབྲེལ་མིན་པའི་བོད་མིའི་ཚོགས་པ་ཁག་གི་སྐུ་ཚབ་རྣམས་ཕེབས་རྒྱུ་མིན་པས། ལྔ་དང་ལྔ་བཅུའི་འཆར་གཞིའི་ནང་ཚོགས་པ་དེ་དག་ཚུད་ཀྱི་མེད་དམ་ཞེས་དྲིས་སྐབས། སྲིད་སྐྱོང་གིས་“ད་ལན་འདི་བོད་མིའི་སྒྲིག་འཛུགས་དང་ཆབ་སྲིད་དང་འབྲེལ་བའི་ཐོག་ནས་ཡིན་དུས། ང་ཚོ་ནང་ཁུལ་རང་བཀའ་མོལ་གནང་རྒྱུ་རེད། དེ་ནམ་རྒྱུན་ནས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཐོག་ལ་འགྲོ་སྟངས་འགྲོ་ལུགས་དེ་འདྲ་འགྲོ་བསྡད་ཀྱི་ཡོད་པས།ད་ལན་ཡང་དེ་ལྟར་འགྲོ་ཡི་ཡོད་རེད། ནམ་རྒྱུན་ནས་གཞུང་གི་ཚོགས་འདུ་ལ་གཞུང་འབྲེལ་མིན་པའི་ཚོགས་པ་རྣམས་ཞེ་དྲག་ཕེབས་ཀྱི་ཡོད་མ་རེད། གལ་ཏེ་ཕེབས་དགོས་པ་དེ་འདྲ་ཡོད་ན་ང་ཚོས་གདན་འདྲེན་ཞུ་ཡི་ཡོད་རེད།”ཅེས་ལན་འདེབས་གནང་སོང་།

མི་སྒེར་པ་ཞིག་གིས་ཚོགས་འདུ་དེ་ཞུགས་མོལ་ཚོགས་འདུ་ཞིག་ཡིན་པས། སྐབས་དེའི་རིང་ལྟ་བ་ལངས་ཕྱོགས་གཅིག་འཛིན་ཐོག་ནས་ཚོགས་རྒྱུ་ཡིན་ནམ་ཞེས་དྲིས་དུས། སྲིད་སྐྱོང་གིས་ལྟ་བ་ལངས་ཕྱོགས་དེ་དབུ་མའི་ལམ་གཅིག་པུའི་ཐོག་ནས་ཚོགས་རྒྱུ་ཡིན་པ་དང་། བསམ་ཚུལ་རྣམས་ཡང་དབུ་མའི་ལམ་ལ་ཕན་ཆེད་འདོན་དགོས་པའི་རེ་སྐུལ་གནང་ཡོད་སྐོར་ལན་འདེབས་གནང་སོང་།

དེ་རྗེས་གསར་འགོད་པ་ཞིག་གིས་ཐོག་མར་སྲིད་སྐྱོང་གིས་ཚོགས་འདུ་དེའི་སྐབས་བསམ་བློ་གསར་པ་རག་ཐབས་གནང་རྒྱུ་ཡིན་གསུངས་ཡོད་ཀྱང་། རྗེས་སུ་དབུ་མའི་ལམ་དང་མཐུན་པ་དགོས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་དུས། ཚོགས་བཅར་བའི་ཁྲོད་ནས་དབུ་མའི་ལམ་དང་འབྲེལ་བ་མེད་ཀྱང་། བསམ་བློ་གསར་པ་ལག་བསྟར་བྱེད་ཐུབ་པ་དེ་འདྲ་བཏོན་ཚེ་གང་འདྲ་གནང་རྒྱུ་ཡིན་སྐོར་དྲིས་སྐབས། ཁོང་གིས་བསམ་བློ་གསར་པ་དེ་ལག་བསྟར་གནང་ཐུབ་པ་ཞིག་དང་དབུ་མའི་ལམ་དང་འགལ་ཟླ་འགྲོ་ཡི་མེད་ན། ལག་བསྟར་ཐུབ་ཐབས་ལ་བསམ་བློ་གཏོང་རྒྱུ་ཡིན་སྐོར་དང་། ཚོགས་བཅར་བ་རྣམས་ལ་སྔོན་ཚུད་ནས་དབུ་མའི་ལམ་དང་མཐུན་པ་དང་ཕན་པའི་བསམ་ཚུལ་འདོན་པའི་རེ་སྐུལ་བྱས་ཡོད་སྐོར་ལན་འདེབས་གནང་སོང་།

དེ་བཞིན་སྲིད་སྐྱོང་གིས་ལྔ་དང་ལྔ་བཅུའི་འཆར་སྣང་དང་འབྲེལ་བའི་ཁྱབ་བསྒྲགས་བརྙན་ཐུང་ཞིག་དབུ་འབྱེད་གནང་ཡོད་པ་དང་། དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་གྱིས་ཆེད་ལས་པ་ཞིག་གིས་ལྔ་དང་ལྔ་བཅུའི་མཚོན་རྟགས་གསར་བཟོ་བྱས་ཡོད་པ་དེའི་མཚོན་དོན་སྐོར་འགྲེལ་བརྗོད་གནང་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 252

Leave a Reply