དབྱིན་ཡུལ་གྱི་གཙུག་ལག་སློབ་གཉེར་ཁང་ཞིག་ཏུ་བོད་ཀྱི་རྒྱལ་དར་བཀག་སྡོམ།

དབྱིན་ཡུལ་གྱི་གཙུག་ལག་སློབ་གཉེར་ཁང་ཞིག་གི་ནང་དུ། རྒྱ་ནག་གི་སློབ་མས་ངོ་རྒོལ་དང་ཉེན་བརྡ་བཏང་པར་བརྟེན། འགྲེམས་སྟོན་ཞིག་གི་སྐབས་བོད་ཀྱི་རྒྱལ་དར་ཕྱིར་འཐེན་བྱས་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༨ ཉིན་དབྱིན་ཡུལ་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དབྱིན་ཡུལ་གྱི་ཤར་ཨན་ཇེ་ལིའི་གཙུག་ལག་སློབ་གཉེར་ཁང་གི་སློབ་མའི་ལྷན་ཚོགས་ཀྱིས། ཉེ་བའི་ཆར་འཛམ་གླིང་ནང་གི་རྒྱལ་ཁབ་སྣ་འཛོམས་ཡོད་པའི་རང་བཞིན་དང་འབྲེལ་བའི་ལས་རིམ་ཞིག་གོ་སྒྲིག་བྱས་ཡོད་པ་དང་། སྐབས་དེར་རྒྱལ་ཁབ་འདྲ་མིན་གྱི་རྒྱལ་དར་འགྲེམས་སྟོན་བྱས་ཡོད་པའི་ཁུངས་སུ། བོད་ཀྱི་རྒྱལ་དར་ཡང་ཡོད་འདུག་ཀྱང་། རྒྱ་ནག་ནས་ཡིན་པའི་སློབ་མ་ཁག་ཅིག་གིས་བོད་ཀྱི་རྒྱལ་དར་མཐོང་དུས། ཁོང་ཚོས་ངོ་རྒོལ་བྱས་འདུག་པ་མ་ཟད། སློབ་མ་ཞིག་གིས་གནས་ཚུལ་དེ་རྒྱ་ནག་གི་གཞུང་ཚབ་ཏུ་བརྡ་ལེན་བསྐྱལ་རྒྱུ་ཡིན་པའི་ཉེན་བརྡ་བྱས་འདུག་པས། གཙུག་ལག་སློབ་གཉེར་ཁང་དེའི་སློབ་མའི་ལྷན་ཚོགས་བོད་ཀྱི་རྒྱལ་དར་མྱུར་དུ་ཕྱིར་འཐེན་བྱས་ཏེ། ཁོང་ཚོར་དགོངས་སེལ་ཞུས་ཡོད་འདུག

སློབ་མའི་ལྷན་ཚོགས་ཀྱི་ཕྱི་འབྲེལ་འབྲེལ་མཐུད་པས། གཙུག་ལག་སློབ་གཉེར་ཁང་དེར་ངོས་འཛིན་ཡོད་པའི་བོད་ཀྱི་སློབ་མའི་ལྷན་ཚོགས་མེད་པས། བོད་ཀྱི་རྒྱལ་དར་དེ་འགྲེམས་སྟོན་ལས་ཕྱིར་འཐེན་བྱས་སྐོར་བརྗོད་ཡོད་འདུག དེ་བཞིན་སྐབས་དེར་རྒྱ་ནག་གི་སློབ་མ་དེ་ཚོས་ཐའེ་ཝན་གྱི་རྒྱལ་དར་ཡང་ཕྱིར་འཐེན་དགོས་སྐོར་བརྗོད་ཡོད་འདུག་ཀྱང་། ཐའེ་ཝན་སློབ་མའི་ལྷན་ཚོགས་ཀྱིས་དགག་བྱ་བྱས་པས་ཕྱིར་འཐེན་བྱེད་ཐུབ་མེད་པ་རེད།

རྒྱ་ནག་གཞུང་ཚབ་ལ་བརྡ་ལན་སྐྱེལ་རྒྱུའི་ཉེན་བརྡ་གཏོང་མཁན་སློབ་མ་ཀེ་ཝང་གིས་ངོ་དེབ་ཐོབ་ཏུ་བོད་ཀྱི་རྒྱལ་དར་འགྲེམས་སྟོན་དང་འབྲེལ་ནས། བོད་དེ་རྒྱ་ནང་གི་མངའ་ཁོངས་ཡིན་པ་དང་། ཧོང་ཀོང་ལྟ་བུའི་དམིགས་བསལ་གྱི་མངའ་ཁོངས་མིན་པ། དེ་བཞིན་རྒྱལ་དར་དེ་ཁ་བྲལ་རིང་ལུགས་ཀྱི་མཚོན་རྟགས་ཡིན་སྐོར་བྲིས་ཡོད་འདུག

ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོ་ཞིག་གི་གཙུག་ལག་སློབ་གཉེར་ཁང་གི་ནང་རྒྱ་ནག་གི་སློབ་མའི་གྲངས་འབོར་མང་དུ་འགྲོ་བཞིན་ཁར། སློབ་གཉེར་ཁང་དེ་དག་ནང་བོད་ཀྱི་རྒྱལ་དར་འགྲེམས་སྟོན་དང་། བོད་ཀྱི་གནད་དོན་དང་འབྲེལ་བའི་བགྲོ་གླེང་སོགས་མང་པོ་ཞིག་ལ་གནོན་ཤུགས་སྤྲད་ནས་བཀག་སྡོམ་བྱེད་ཐབས་བྱེད་ཀྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 337

Leave a Reply