དབྱིན་ཡུལ་གྱི་དྲག་རྒོལ་དང་འབྲེལ་ནས་མི་༡༢ འཛིན་བཟུང་།

དབྱིན་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་སླེབས་པར་ཉིན་༥ ལས་མེད་པ་དང་། ཆབ་སྲིད་ཚོགས་པ་རྣམས་ཀྱིས་འོས་བསྡུའི་དྲིལ་བསྒྲགས་ཀྱི་ལས་འགུལ་ཚ་ཚ་འུར་འུར་སྤེལ་བཞིན་པའི་སྐབས། རྒྱལ་ས་ལོན་ཌོན་དུ་འཇིགས་སྐུལ་རིང་ལུགས་པས་དྲག་རྒོལ་བྱས་ཡོད་པས། འོས་བསྡུའི་དྲིལ་བསྒྲགས་ཚང་མ་མཚམས་འཇོག་བྱས་ཏེ། ཉིན་རྗེས་མ་དེར་གནད་དོན་དེ་དང་འབྲེལ་ནས་མི་༡༢ འཛིན་བཟུང་བྱས་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༣ ཉིན་གྱི་དགོང་མོར་འཇིགས་སྐུལ་རིང་ལུགས་པ་གསུམ་གྱིས། དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་གྱི་ཟམ་པ་ཞིག་གི་ཐོག་སྐྱེལ་འདྲེན་རླངས་འཁོར་ཞིག་བཏང་ནས། རྐང་ཐང་འགྲོ་མཁན་མི་རྣམས་ལ་བརྡུངས་ཡོད་པ་དང་། དེ་ནས་ཆང་ཁང་ཞིག་གི་ཉེ་འགྲམ་དུ་རླངས་འཁོར་དུ་བརྡབས་སྐྱོན་བྱུང་རྗེས། ཉེ་འགྲམ་གྱི་ཁྲོམ་རའི་ནང་དུ་མི་མང་པོ་ཞིག་ལ་གྲི་བརྒྱབ་ཡོད་འདུག་ཀྱང་། རྗེས་སུ་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་དྲག་སྤྱོད་པ་གསུམ་པོ་བསད་ཡོད་འདུག དྲག་རྒོལ་དེའི་ཁྲོད་མི་མང་༧ བསད་ཡོད་པ་དང་། ༤༨ ལ་རྨས་སྐྱོན་བཟོས་ཡོད་འདུག གནོད་འཚེ་འཕོག་ཡུལ་ཁོངས་སུ་ཁེ་ན་ཌ་དང་།ཧྥ་རན་སི། ཨོ་སི་ཀྲོ་ལི་ཡ་སོགས་ཀྱི་མི་སེར་ཡོད་པ་མ་ཟད།ཉེན་རྟོག་པ་བཞི་ཡང་ཡོད་འདུག

ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཨེ་སི་སིས་དྲག་སྤྱོད་དེར་འགན་ལེན་བྱས་འདུག

དྲག་རྒོལ་གྱི་ཉིན་རྗེས་མ་སྟེ་ཟླ་འདིའི་ཚེས་༤ ཉིན་དབྱིན་ཡུལ་གྱི་ཉེན་རྟོག་པས། དྲག་སྤྱོད་པ་ཞིག་གི་ཁང་པ་ལས་མི་༡༢ འཛིན་བཟུང་བྱས་ཡོད་པ་དང་། དེ་བཞིན་མིང་བརྗོད་འདོད་མེད་པའི་མི་ཞིག་གིས་བརྒྱུད་ལམ་ཁག་ཏུ། དེ་སྔོན་དྲག་སྤྱོད་པ་མི་ཞིག་གི་སྤྱོད་ཚུལ་ལ་ཁོས་ཉེན་ཚབས་མཐོང་ནས། འབྲེལ་ཡོད་ལས་ཁུངས་སུ་མི་དེའི་སྐོར་སྙན་སེང་ཞུས་ཡོད་ཀྱང་། གཡོ་འགུལ་གང་ཡང་བྱས་མེད་སྐོར་བརྗོད་ཡོད་འདུག

ཐེངས་འདིར་དྲག་རྒོལ་དེ། ཟླ་༥ པའི་ཚེས་༢༣ ཉིན་དབྱིན་ཡུལ་གྱི་རྩེད་ར་ཆེན་པོ་མེན་ཆེ་སི་ཀྲེར་དྲག་སྤྱོད་པས་འབར་གས་གཏོར་ནས། མི་༢༢ ཡི་ཚེ་སྲོག་བཅད་པ་དང་།༥༩ ལ་རྨས་སྐྱོན་བཟོས་རྗེས་བྱུང་བ་ཞིག་ཡིན་པ་དང་། ལོ་འདིར་ཟླ་༣ པ་ནས་ད་བར་དབྱིན་ཡུལ་ནང་དྲག་རྒོལ་ཐེངས་གསུམ་བྱུང་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||