དམིགས་ཡུལ་དང་ཁ་ཕྱོགས་བོར་བ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༣༣ ཕྱི་ལོ་ ༢༠༡༧/༢  /༨

མི་རིགས་དང་རྒྱལ་ཁབ་མི་སྒེར་བཅས་གང་ཡིན་ཡང་མདུན་བསྐྱོད་བྱེད་པར་དམིགས་ཡུལ་གྱི་ཁ་ཕྱོགས་ངེས་ཅན་ཞིག་ཡོད་དགོས་པ་ཧ་ཅང་གལ་ཆེ་བ་ལས། དམིགས་ཡུལ་མེད་པའི་མདུན་བསྐྱོད་ནི་དུས་ནམ་ཞིག་ལམ་ལོག་ཏུ་འཕྱན་རྒྱུའི་ཉེན་ཁ་ཆེན་པོར་གྱུར་ཡོད་པ་མ་ཟད། གཡང་གཟར་སོགས་སུ་ཟག་ནས་ཡོངས་སུ་ཚེ་སྲོག་འཆོར་རྒྱུའི་ཉེན་ཁ་ཡང་ཆེན་པོ་ཡོད། དེར་བརྟེན་མདུན་ཕྱོགས་སུ་བསྐྱོད་པར་ཁ་ཕྱོགས་ངེས་ཅན་ཞིག་མེད་ན། རྣམ་པ་ཙམ་ལ་མདུན་དུ་བསྐྱོད་བཞིན་པ་ལྟར་ཡང་། དོན་དུ་གྲུབ་འབྲས་རྒྱ་ཆེན་པོ་ཞིག་འཐོབ་དཀའ་བ་ཆོས་ཉིད་ཡིན། གལ་སྲིད་གྲུབ་འབྲས་ཤིག་ཐོབ་པའི་དབང་དུ་བཏང་ཡང་། “སྲིན་འབུ་དག་གིས་ཟོས་པའི་རྗེས།། ཡི་གེ་བྱུང་ཡང་ཡིག་མཁན་མིན།།” ཞེས་པ་ལྟར་སྟབས་སྟེས་དབང་གིས་བྱུང་བ་འབའ་ཞིག་ཏུ་གྱུར་ཡོད། དེར་བརྟེན་ལས་དོན་ཆེ་ཆུང་གང་དང་གང་བསྒྲུབ་ཀྱང་ཐོག་མ་དམིགས་ཡུལ་ངེས་ཅན་ཞིག་གཏན་འབེབས་བྱེད་དགོས་ལ། དམིགས་ཡུལ་དང་འཆར་གཞི་ཡོད་པ་ཇི་བཞིན་ལས་དོན་མ་འགྲུབ་ཀྱང་ནུས་པ་གང་འཚམས་ཤིག་ཐོན་ངེས་རེད།

བོད་དོན་འཐབ་རྩོད་ཀྱི་ཐོག་ནས་བཤད་ཀྱང་ཐོག་མའི་དམིགས་ཡུལ་དེ་མ་འོངས་པར་བོད་དེ་རྒྱ་ནག་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་བྱ་རྒྱུ་ཁོ་ན་མ་ཡིན་པར། དེ་ལྟར་བྱས་ན་བོད་མི་རིགས་ལ་བདེ་སྐྱིད་དང་མདུན་ལམ་ག་འདྲ་ཞིག་ཡོང་རྒྱུ་ཡོད་མེད་དེ་རེད། དེའི་ཕྱོགས་རྒྱ་ཕྱོགས་ལ་རེ་བ་བརྒྱབ་པ་ཙམ་མ་ཡིན་པར་བོད་མི་ཡོངས་རྫོགས་ཀྱི་ངོས་ནས་དམིགས་ཡུལ་དང་ཁ་ཕྱོགས་ངེས་ཅན་ཞིག་ཡོད་དགོས། ད་ལྟའི་ཆར་རྒྱ་གཞུང་གི་སྟངས་འཛིན་དང་དམ་དྲག་འོག་ཏུ་བོད་ལ་རང་དབང་དང་བདེ་སྐྱིད་ཅིག་གཏན་ནས་མེད་པ་ཕྱོགས་མང་པོ་ནས་གསལ་པོ་ཆགས་ཡོད་ཀྱང་། མ་འོངས་པར་ང་ཚོའི་རེ་བ་དང་ཁ་ཕྱོགས་གསལ་པོ་མེད་པའི་འཐབ་རྩོད་འདི་ལ་བརྟེན་རྒྱ་གཞུང་ལ་ཤུགས་རྐྱེན་ཐེབས་ཐུབ་མིན་དང་། བརྟག་པ་མཐའ་བཟུང་གིས་བཤད་ན་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་དེ་ཉིད་སྤྲོད་རྒྱུའི་ཁས་ལེན་བྱེད་པའི་དབང་དུ་བཏང་ཡང་། དོན་དམ་པར་དེ་བརྒྱུད་ནས་བོད་ལ་རང་དབང་གི་ཉི་མ་གསར་པ་ཞིག་འཆར་ཐུབ་མིན་དེ་ཐེ་ཚོམ་དང་དོགས་པ་ཆེ་ཤོས་སུ་གྱུར་ཡོད།

ད་ལྟ་མི་རིགས་ས་གནས་རང་སྐྱོང་གི་དགོས་འདུན་ཁག་དང་གྲོས་མཐུན་དོན་ཚན་བཅུ་བདུན་གཉིས་གཤིབས་བསྡུར་བྱས་ན། མི་རིགས་ས་གནས་རང་སྐྱོང་གི་དགོས་འདུན་ཡིག་ཆ་ཁག་ཚད་དམའ་བ་སྨྲོས་མེད་ཡིན་པ་དང་། གྲོས་མཐུན་དོན་ཚན་བཅུ་བདུན་ཡིག་ཐོག་ནས་གཏན་འབེབས་བྱས་ཀྱང་དོན་དུ་རྒྱ་དམར་གཞུང་གིས་ལག་བསྟར་གཏན་ནས་བྱས་མེད་པས། མ་འོངས་པར་དུས་ཚོད་ངེས་ཅན་ཞིག་ལ་རྒྱ་གཞུང་གི་ཁེ་ཕན་དམིགས་བསལ་བ་ཞིག་གི་ཆེད་དུ་མི་རིགས་ས་གནས་རང་སྐྱོང་གི་དགོས་འདུན་ཁས་ལེན་པའི་དབང་དུ་བཏང་ཡང་། ཡིག་ཐོག་ཏུ་ཡོད་པའི་གནད་དོན་ཆུང་ཙག་དེ་ཚོ་ཙམ་ཡང་དོན་དུ་ལག་བསྟར་བྱེད་ཐུབ་ངེས་ཡིན་པའི་གདེང་ཚོད་བོད་པ་སུ་གཅིག་ལ་མེད་ངེས་རེད། དེར་བརྟེན་བོད་རྒྱའི་ཆབ་སྲིད་ཀྱི་རྩོད་རྙོག་ཐད་ནས་རྒྱ་གཞུང་གིས་དྲང་བདེན་དང་གནས་ལུགས་གཏན་ནས་མེད་པ་འབའ་ཞིག་ཤོད་བཞིན་ཡོད་པ་དང་། མ་འོངས་པར་ཡང་རྒྱ་ནག་རང་གི་གནས་སྟངས་ལ་འགྱུར་བ་ཞིག་མ་སོང་ན་བོད་ལ་འགྱུར་བ་འགྲོ་རྒྱུའི་རེ་བ་ཧ་ཅང་ཕྲ།

དེར་བརྟེན་༧གོང་ས་མཆོག་གི་བཀའ་དགོངས་བཞིན་“རེ་བ་བཟང་ས་རྒྱག གྲ་སྒྲིག་སྡུག་ས་ནས་བྱེད་”དགོས་ངེས་སུ་གྱུར་ཡོད། བོད་པ་མང་པོ་ཞིག་གིས་རེ་བ་བརྒྱབ་པ་ཙམ་ལས་གྲ་སྒྲིག་གང་ཡང་མེད་པས། དམིགས་ཡུལ་གསལ་པོ་དང་ཁ་ཕྱོགས་བརྟན་པོ་ཞིག་གང་ཡང་མེད་པ་དང་། ལྷག་པར་དུ་བཙན་བྱོལ་དུ་ཡོད་པའི་བོད་པ་དག་ནི། མང་ཆེ་བས་རང་གི་ལྟོ་གོས་ཁོ་ནའི་ཆེད་དུ་འབད་བརྩོན་བྱེད་པ་ལས་སྤྱི་པའི་རྩ་དོན་གྱི་ཆེད་དུ་ཡོད་ཚད་བློས་གཏོང་མཁན་ནི་ཧ་ཅང་དཀོན་པ་མ་ཟད། ད་ལྟའི་ཆར་ལོ་རེ་ནས་ལོ་རེ་བཞིན་དཀོན་ནས་དཀོན་དུ་འགྱུར་བཞིན་པའི་དུས་ཚོད་ཅིག་ཏུ་ཁེལ་ཡོད། མ་འོངས་པར་ཡང་མུ་མཐུད་དེ་ལྟར་སོང་ན་རིམ་པས་བོད་དོན་འཐབ་རྩོད་ཀྱི་ཐོག་ནས་བོད་ནང་དུ་རེ་བ་དང་ནུས་པ་ག་ཚོད་ཙམ་ཡོད་པ་དེ་ཁོ་ན་ལ་བསམ་བློ་གཏོང་རྒྱུ་ལས། བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་རེ་བ་དང་ནུས་པ་གང་ཡང་མེད་པར་འགྱུར་སྲིད་པའི་ཉེན་ཁ་ཆེན་པོ་ཞིག་མདུན་དུ་སླེབས་ངེས། དེ་ཡང་གཙོ་བོ་དམིགས་ཡུལ་དང་ཁ་ཕྱོགས་བརྟན་པོ་མེད་པའི་རྒྱུ་རྐྱེན་ལ་ཐུག་ཡོད།

མདོར་ན་མི་རིགས་ཀྱི་མདུན་ལམ་དང་རྒྱལ་ཁབ་ཀྱི་རྩ་དོན་རྩོད་སྐབས་རེ་སྟོང་ཙམ་གྱིས་མི་ཕན་པར་དམིགས་ཡུལ་གསལ་པོ་དང་ཁ་ཕྱོགས་བརྟན་པོ་ཞིག་གི་ཐོག་ནས་མདུན་དུ་བསྐྱོད་དགོས་པ་ལས། གནས་སྐབས་ཀྱི་འཚོ་ཐབས་ཆུང་ཙག་ཙམ་རེ་ལ་བརྟེན་ནས་ཆེ་ས་ནས་རྩ་དོན་བརླག་བཞིན་པར་དོ་སྣང་མ་བྱས་པར། བཙན་བྱོལ་གྱི་གནས་བབས་ཙམ་གྱི་ཐོག་ནས་བླ་མའི་བཞུགས་ཁྲི་དང་། དཔོན་པོའི་རྐུབ་སྟེགས་ཙམ་གྱིས་ཡིད་མགུ་སྟེ་བཙན་བྱོལ་ནང་གི་འཚོ་ཚིས་ཙམ་ལས་རེ་བ་དང་དམིགས་ཡུལ་འཆར་གཞི་བཅས་གང་ཡང་མེད་ན། བོད་རྒྱའི་འཐབ་རྩོད་ཀྱི་ཁྲོད་ནས་བོད་པ་ཡོངས་སུ་ཤོར་བ་རེད། འོན་ཀྱང་ད་ལྟའི་དུས་འདིར་རྒྱ་ནག་གི་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ལ་ཁ་གཡར་བའི་དཔོན་རིགས་ནང་ཁུལ་གྱི་འགལ་ཟླ་དང་། ཧོང་ཀོང་དང་། ཐའེ་ཝན་གྱི་གནད་དོན། ཤར་ཏིར་ཀི་སི་ཐན་དང་། ལྷོ་རྒྱ་མཚོའི་རྩོད་རྙོག་སོགས་བོད་དོན་འཐབ་རྩོད་ལ་གོ་སྐབས་གསར་པ་ཡང་མང་པོ་ཞིག་ཡོད་པས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དམིགས་ཡུལ་དང་ཁ་ཕྱོགས་བརྟན་པོ་ཞིག་ལ་བརྩོན་དགོས་སྙམ།།

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 100

Leave a Reply