དེང་དུས་དར་སོ་ཆེ་བའི་ཞྭ་ནག

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༤༩  ཕྱི་ལོ་ ༢༠༡༧/༥/༣༡

བོད་མི་རིགས་དང་བོད་རྒྱལ་ཁབ་ལ་མཚོན་ན་ཧ་ཅང་ཉམ་ཆུང་ཞིང་ཉག་ཕྲ་བའི་དུས་ཚོད་ཅིག་ཡིན་པ་དང་། བོད་ཕྱི་ནང་གཉིས་ནས་བོད་པའི་ངོ་བོ་མཚོན་པའི་ཆོས་དང་རིག་གནས་རྒྱུན་འཛིན་གྱི་ཆེད་དུ་ཕྱོགས་ཡོངས་ནས་འབད་བརྩོན་གནང་མཁན་མང་པོ་ཡོད་ཅིང་། དེའི་ཆེད་ཤུགས་རྒྱག་དགོས་པའི་གླེང་ཕྱོགས་ཀྱང་བོད་པའི་སྤྱི་ཚོགས་ཀྱི་མཐོ་དམན་བར་གསུམ་གང་སར་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད། དེར་བརྟེན་འབད་བརྩོན་ཆེན་པོ་གནང་མཁན་དག་གི་ལམ་སྟོན་དང་། སྤྱི་ཚོགས་ནང་གི་གླེང་ཕྱོགས་དེ་དག་གལ་སྲིད་བོད་མི་ཕལ་ཆེ་བའི་སེམས་ནང་སིམ་ཐུབ་པ་ཞིག་བྱུང་ན། གནས་སྐབས་ཆབ་སྲིད་ཀྱི་ཐོག་ནས་རང་དབང་མ་ཐོབ་ཀྱང་། རིག་གནས་སྲུང་སྐྱོབ་ཀྱི་ཐོག་ནས་ཛ་དྲག་གི་ཉེན་ཁ་འདི་ལས་སྐྱོབ་ཐུབ་མི་ཡོང་ངམ་སྙམ་པའི་རེ་བ་ཞིག་རང་བཞིན་གྱིས་མཐོང་རྒྱུ་འདུག དེ་དང་འབྲེལ་བའི་ཐོག་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་འཁོར་རྒྱ་དང་ཁོར་ཡུག་རྒྱ་ཆེ་ཆུང་ལ་མ་ལྟོས་པར། བོད་པའི་རིག་གནས་སྦྱོང་བརྩོན་བྱེད་སའི་མཁའ་དབུགས་གསར་པ་ཞིག་སྦྱིན་གང་ཐུབ་བྱེད་བཞིན་པའང་གསལ་པོར་གྱུར་ཡོད།

བོད་ཀྱི་མི་རིགས་གནས་དང་མི་གནས་ནི་བོད་ཀྱི་སྐད་ཡིག་རིག་གནས་རྒྱུན་གནས་ཐུབ་མིན་ལ་རག་ལས་ཡོད། བོད་ཀྱི་མི་རབས་གསར་པ་ལ་གཞི་རྩའི་ཆ་ནས་བོད་ཀྱི་སྐད་ཡིག་རིག་གནས་ཀྱི་རྨང་གཞི་ཡོད་པ་ཞིག་དང་། རྨང་གཞི་དེའི་ཐོག་བོད་པའི་མཐོ་རིམ་རིག་གནས་ཀྱི་ཤེས་ཚད་ཡག་པོ་ཡོད་ཅིང་། ཕྱིའི་སྐད་ཡིག་རིག་གནས་ཀྱི་ཐོག་ནས་ཀྱང་སློབ་སྦྱོང་མི་དམན་པ་ཞིག་ཡོད་པའི་མི་རབས་གསར་པ་ཞིག་དགོས་པ་དེ་ཚང་མའི་རེ་བ་རེད། ད་ལྟ་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གི་མཐོ་སློབ་ཁག་ལས་ཐོན་པའི་སློབ་མ་རྣམས་ཀྱིས་ལྟོས་ས་ལྟོས་འཇོག་གི་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་ཕན་ནུས་ཆེན་པོ་ཐོན་ཐུབ་ཀྱི་ཡོད། འོན་ཀྱང་དགོས་མཁོ་དང་རེ་བ་ཡོངས་སུ་སྐོང་ཐུབ་པ་ཞིག་ཡོང་བར་ད་དུང་མི་ཤུགས་རྒྱུ་ཤུགས་གང་ཐད་ནས་སྟོང་ཆ་མེད་པ་ཞིག་གཏན་ནས་མིན། དེའི་ཐོག་ལ་ཕྱོགས་ཡོངས་ནས་ཤུགས་རྒྱག་དགོས་པ་ལས། སློབ་མ་བཅུ་གྲངས་ལས་མེད་པ་དག་སློབ་མཐར་ཕྱིན་ཡོང་བའི་སྐབས་སུ་ཞྭ་མོ་ནག་པོ་གྱོན་རྒྱུའི་དར་སོ་ཙམ་གྱིས་མི་རིགས་ཀྱི་འཆི་གསོན་ལ་ཕན་ནུས་དེ་ཙམ་མེད།

མཐོ་སློབ་ཁག་གི་ངོས་ནས་རང་མི་རིགས་ཀྱི་རིག་གནས་ཁག་རྒྱུན་འཛིན་ཐོག ཁ་ཚ་དགོས་གཏུག་གི་ཐོག་ནས་ཕྱིའི་རིག་གནས་ལེན་དགོས་པ་ནི། ཚན་རིག་དང་ལག་རྩལ་སོགས་འཚོ་བ་དངོས་ལ་ཕན་པའི་རིག་གནས་ཁག་གཙོ་བོར་གྱུར་ཡོད། མཐོ་སློབ་ཁག་གི་སློབ་ཚན་གྱི་ཐོག་ནས་དེང་དུས་དང་མཐུན་ཞིང་། བོད་མི་རིགས་ཀྱི་མ་འོངས་པའི་མདུན་ལམ་ལ་སྨན་པའི་སློབ་ཚན་ཁག་ལེན་མ་ཐུབ་པར། སློབ་ཐོན་མཛད་སྒོའི་ཐོག་ཞྭ་མོ་ནག་པོ་དར་སོ་ཆེན་པོ་ཞིག་ཏུ་གྱུར་པ་ཙམ་གྱིས། མཐོ་སློབ་སློབ་ཐོན་པ་དེ་དག་གི་རྒྱུད་ལ་ཤེས་ཡོན་གྱི་ནུས་པ་ཆ་ཚང་ཡོད་པ་ཞིག་ཏུ་གྱུར་ཡོད་པ་གང་ཡང་མཚོན་མི་ཐུབ། སྤྱིར་ཞྭ་མོ་ནག་པོ་དར་སྲོལ་དེ་འཛམ་གླིང་ཤར་ནུབ་ཕལ་མོ་ཆེར་བྱུང་ཡོད་པ་ཞིག་ཡིན་ཚོད་ལ་བརྟེན། བོད་པས་ཞྭ་མོ་ནག་པོར་དང་འདོད་བྱས་པ་མི་འགྲིག་པ་ཞིག་མིན་ནའང་། ཞྭ་མོ་ནག་པོ་ལ་དགའ་བ་ཙམ་ལས་ནང་རིག་གནས་ཐོག་ནས་བོད་ཀྱི་རིག་གནས་གཞིར་བཟུང་ཐོག མི་རིགས་གཞན་གྱི་རིག་གནས་ཀྱི་དྭངས་བཅུད་ལེན་ཐུབ་མེད་ན། ཞྭ་མོ་ནག་པོ་དེ་ཡང་པར་ལེན་ཁང་གི་ཆས་གོས་དང་གཅིག་མཚུངས་སུ་མཐོང་།

དགའ་ཕྱོགས་དང་དར་སོ་བྱེད་སྟངས་ལ་བལྟས་ན་མ་འོངས་པར་དགོན་སྡེ་གྲྭ་ཚང་ཁག་གི་སློབ་ཐོན་པ་དག་གིས་ཀྱང་། ཞྭ་མོ་ནག་པོ་འདི་ཉིད་མནབས་རྒྱུའི་ལུགས་སྲོལ་ཞིག་དར་མི་སྲིད་པ་རེད་མི་འདུག་ལ། གལ་སྲིད་དེ་ལྟར་གཏན་ནས་དར་མི་རུང་བ་ཞིག་ཡིན་མིན་བཤད་ཚོད་མི་ཐིག་ཤིང་། བོད་མི་རིགས་འཆི་གསོན་གྱི་འགག་འཕྲང་ལས་སྐྱོབ་ཐུབ་པ་དང་། མ་འོངས་པར་འཛམ་གླིང་མི་མང་མཉམ་དུ་དཔུང་པ་མཉམ་གཤིབས་བྱེད་ཐུབ་པའི་རིག་གནས་གསར་པ་ཞིག་ནང་འདྲེན་བྱེད་ཐུབ་ན། ཞྭ་མོ་ནག་པོ་ཙམ་དུ་མ་ཟད། སྔོན་པོ། ལྗང་གུ་སོགས་ག་ཚོད་དར་སྲོལ་བྱུང་ཡང་མི་འགྲིག་པ་མེད། སྐབས་རེ་དར་སྲོལ་ཙམ་གྱི་རྗེས་སུ་འབྲངས་པ་ལས་དོན་དངོས་དང་ཅི་ཙམ་མཐུན་མིན་ལ་བསམ་བློ་གཏོང་མ་ཐུབ་ན་ལད་མོ་ནི་ལད་མོ་ཙམ་ལས་གཞན་གང་ཡང་མིན། སྤྱིར་མཐོ་སློབ་ཅེས་པར་ཡང་ཕྱོགས་གང་ཐད་ནས་ཚད་གཞི་ཚང་དགོས་པ་མང་ཡང་། བཙན་བྱོལ་སྤྱི་ཚོགས་ཆུང་ངུ་འདིའི་ནང་ཚང་མ་ཚང་བ་ཞིག་ཡོང་དཀའ། གང་ཡོད་པ་དེ་དག་ཞྭ་མོ་ནག་པོ་ཙམ་མ་ཡིན་པར་ཚད་དང་ལྡན་པ་ཞིག་ཏུ་གྱུར་ཡོད་ན་ཧ་ཅང་ཡག་པོ་རེད།

མདོར་བསྡུས་ན་མཐོ་སློབ་དེ་དག་ཚད་དང་ལྡན་པ་ཞིག་ཡོང་བ་ལ་གཙོ་བོ་དགེ་རྒན་ཚད་དང་ལྡན་པ་དགོས་ཤིང་། དེ་དག་ལ་མཐུན་རྐྱེན་དང་དགོས་མཁོ་འདེང་ངེས་ཐོག དུས་ཐུང་ནང་ཟབ་སྦྱོང་སྤྲོད་མཁན་ཙམ་མ་ཡིན་པར་དུས་ཡུན་རིང་པོར་སློབ་མ་དང་གཤིབས་ཐུབ་མཁན་ཞིག་དགོས་པ་དེ་གལ་ཆེ་ཤོས་སུ་གྱུར་ཡོད། དེ་བཞིན་གནའ་དེང་གང་ཐད་ནས་སློབ་ཚན་ཁག་བོད་པའི་དགོས་མཁོ་དང་འཚམ་ཞིང་། རྒྱལ་སྤྱིའི་ཚད་གཞི་ལས་མི་དམན་པ་ཞིག་སློབ་ཐུབ་ན་སློབ་ཕྲུག་གི་མང་ཉུང་དང་། ཁོར་ཡུག་གི་ཆེ་ཆུང་ཙམ་ལ་མ་ལྟོས་པར་མིང་དོན་མཚུངས་པའི་མཐོ་སློབ་ཐོན་པའི་སློབ་མ་འབའ་ཞིག་གསོ་སྐྱོང་བྱེད་ཐུབ། འདི་དག་གི་ཐོག་ནས་རྒྱལ་སྤྱིའི་ཐོག་གི་མཐོ་སློབ་ཁག་ལ་མིག་དཔེ་བལྟ་འོས་པ་དང་། ལྷག་པར་དུ་མཐོ་སློབ་ཀྱི་སློབ་ཕྲུག་དག་ལ་ཤེས་ཡོན་དང་། ཆབ་སྲིད་ཀྱི་བསམ་བློ་སོགས་རང་དབང་གི་ཁོར་ཡུག་རྒྱ་ཆེ་ཙམ་བསྐྲུན་ནས་རང་སྐྱ་ཕེར་བའི་བསམ་བློ་ཞིག་དགོས་པ་དེ། ད་ལྟ་བཙན་བྱོལ་བོད་པའི་གནས་སྟངས་ལ་དཔག་ནས་བཤད་ན་ཞྭ་མོ་ནག་པོ་ལས་ཀྱང་ལྡབ་དགུ་འགྱུར་གྱིས་གལ་ཆེ་སྙམ།།

Print Friendly, PDF & Email
Share on Facebook9Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 193

Leave a Reply