དོན་གཅོད་འཕོ་འགྱུར་གྱི་གླེང་རྙོག་སྐོར་ལ་ཞིབ་འཇུག་ཚོགས་ཆུང་དགོས་པའི་དགོས་འདུན་བཏོན་འདུག

ཟླ་འདིའི་ཚེས་༢༧ ཉིན་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་སྐོར་ལ་ཞིབ་འཇུག་ཚོགས་ཆུང་བཙུགས་ནས་ཐག་གཅོད་མ་བྱས་ན། མུ་མཐུད་ངོ་རྒོལ་ཡོད་ཅེས་དྷ་ས་གངས་སྐྱིད་ལག་རྩེད་སྤོ་ལོའི་རྩེད་ཐང་དུ་མི་༨༠ ཙམ་འཛོམས་ནས་ངོ་རྒོལ་ལས་འགུལ་སྤེལ་བཞིན་འདུག

ཁོང་ཚོའི་སྦྱར་ཡིག་ཐོག་༧གོང་ས་མཆོག་ཁྲི་ལོར་བརྟན་པར་ཤོག་དང་། མི་མང་གི་མངོན་འདོད་སྣང་མེེད་གཏོང་མི་ཆོག བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་སྲུང་སྐྱོབ་དགོས། དབང་ཆ་ལོག་སྤྱོད་མ་བྱེད་རོགས་སོགས་ཡིན་པ་རེད།

ལས་འགུལ་དེའི་སྐོར་ལ་ལས་འགུལ་དེའི་མགྲིན་ཚབ་པ་དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་དགེ་རྩ་ཚོགས་པའི་ལས་བྱེད་སྒྲོལ་མ་འབུམ་ལ་བཅར་འདྲི་བྱས་པར། ཁོང་གིས་གསུང་དོན། “ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་འཕོ་འགྱུར་བཏང་བ་ཡིན་ཞེས་པའི་གནད་དོན་དེའི་ཐོག་ནས་ང་ཚོ་འདིར་སླེབས་པ་ཡིན། འཛིན་སྐྱོང་བཀའ་ཤག་དང་སྲིད་སྐྱོང་བློ་བཟང་སེང་གེས་དྲང་བདེན་གྱི་ཕྱག་ལས་གནང་མ་སོང་། གསར་འགོད་པའི་དྲི་བ་རིམ་པ་བཏང་བར་ལན་འདེབས་གསལ་པོ་སྤྲད་མ་སོང་། ང་ཚོས་འབོད་སྐུལ་རིམ་པ་བྱས་པ་དང་། ཡི་གེ་རིམ་པ་སྤྲད་མཐར། བཀའ་ཤག་གིས་དོན་ཚན་བཅུ་ཅན་གྱི་ཡི་གེ་ཞིག་བཀྲམ་རེད། དེའི་ནང་དོན་གཅོད་འཕོ་འགྱུར་གཏོང་དགོས་པའི་རྒྱུ་མཚན་ང་ཚོས་མཐོང་གི་མི་འདུག མི་མང་འདོད་བློ་ཁེངས་ཀྱི་མི་འདུག འདི་ལ་རང་དབང་ལྡན་པའི་ཚོགས་ཆུང་ཞིག་བཙུགས་ནས་ཐག་གཅོད་མ་གནང་བར་དུ་ངོས་ལེན་བྱེད་ཐུབ་ཐབས་མེད་ཅེས་ང་ཚོ་འདིར་ཡོང་དགོས་དོན་དེ་ཡིན་”ཞེས་འགྲེལ་བརྗོད་གནང་སོང་ལ། ལས་འགུལ་བ་ལྡི་ལི་དང་བལ་ཡུལ། སྦེལ་ཀོབ། དྷ་ས་སོགས་ནས་ཡོང་ཡོད་འདུག

ཁོང་གིས་ལས་འགུལ་དེའི་འགྲོ་སོང་སྐོར་དང་འབྲེལ་ནས་གསར་འགོད་པའི་དྲི་བར་ལན་འདེབས་གནང་དོན། “ལས་འགུལ་འདི་སོ་སོས་དྭངས་བླང་ཐོག་ནས་ཡོང་བ་ཡིན། ང་འགྲོ་ཐུབ་ཀྱི་མི་འདུག དོ་བདག་སོ་སོ་ལ་ཁྱེད་རང་འགྲོ་ཡི་ཡོད་ན། པེ་ཤག་འདི་ཁྱེད་རང་ཁྱེར་ལབ་ཡོད་ན་དོ་བདག་སོ་སོ་ལ་སྤྲད་ཡོད་ཀྱི་རེད་ཨ། ང་ཚོ་ལ་པེ་ཤག་འདི་སྤྲད། ལས་འགུལ་སྤེལ་ཤོག འགྲོ་སོང་ངས་བཏང་ཡོང་ཟེར་མཁན་ཞིག་མེད། མི་མང་གིས་འགན་ཁུར་ནས་ད་ཐེངས་འཕོ་འགྱུར་ལ་བློ་ཕམ་ཡོད། ཆིག་སྒྲིལ་གཏོར་བཤིག་བཏང་སོང་ཟེར་གྱི་ཡོད། ང་ཚོ་ཆིག་སྒྲིལ་དགོས་ཀྱི་འདུག”ཅེས་དང་། “བཀའ་ཤག་གིས་མང་ཚོགས་ཀྱི་ཆེ་མཐོང་སྤྲད། འདོད་བློ་གང་ཡིན་ལ་ཕྱོགས་གཡས་གཡོན་གཉིས་ཀར་གཟིགས་ནས་ཐག་གཅོད་གནང་ན་མ་གཏོགས། མང་ཚོགས་ལ་འགྱུར་བ་གང་ཡང་མེད་པར། ངོ་རྒོལ་མུ་མཐུད་ནས་ཡོང་གི་རེད། དེ་རིང་གི་ལས་འགུལ་འདི་ཁྲིམས་དང་ལྡན་པའི་ཐོག་ནས་ཉིན་གཅིག་ལས་འགུལ་ཡིན་”ཞེས་གསུངས་སོང་།

སྤྱི་ཚོགས་ནང་ལས་འགུལ་ནང་མཉམ་ཞུགས་དགོས་པའི་འབོད་སྐུལ་བྱེད་མཁན་དང་ལས་འགུལ་འགྲོ་སོང་ཆེད་ཞལ་འདེབས་བསྡུ་རུབ་སོགས་ཀྱི་སྐད་ཆ་མང་པོ་འདུག ཁྱེད་རང་ཚོའི་ལས་འགུལ་ལ་མཐུན་འགྱུར་སྦྱོར་མཁན་རག་ཡོད་མེད་སྐོར་དྲིས་པར། ཁོང་གིས། “ལས་འགུལ་ལ་སྣེ་ཁྲིད་མཁན་དང་བྱེད་དགོས་རེད་ཅེས་འཇིགས་སྐུལ་བྱེད་མཁན་དེ་འདྲ་མེད་ལ། དབུས་བོད་མིའི་སྒྲིག་འཛུགས་སྲུང་སྐྱོབ་དགོས་ཀྱི་འདུག ཆིག་སྒྲིལ་འདི་གཏོར་འགྲོ་ཡི་འདུག་ཅེས་སོ་སོའི་དངུལ་ཁུག་ལས་འགྲོ་སོང་བཏང་བ་ལས། འགྲོ་སོང་གཏོང་མཁན་སུ་ཡང་མེད་”ཅེས་གསུངས་སོང་།

གསར་འགོད་པ་བཀའ་ཤག་ཏུ་བཅར་ནས་ལས་འགུལ་སྐོར་ལ་དགོངས་ཚུལ་གང་ཡོད་དང་། ཁོང་ཚོའི་སྙན་ཞུའི་ནང་ཞིབ་འཇུག་ཚོགས་ཆུང་བཙུགས་དགོས་པའི་དགོས་འདུན་ཡོད་པ་དེའི་ཐོག་ལག་བསྟར་བྱེད་ཐུབ་མིན་སྐོར་དྲིས་པར། དྲུང་འཕར་ཕུན་ཚོགས་ཚེ་རིང་གིས་གསུང་དོན། “མང་གཙོ་རེད། སྨྲ་བརྗོད་རང་དབང་ཐོག་ནས་སོ་སོས་དགོས་འདུན་བཏོན་ཆོག་རེེད། བཀའ་ཤག་གིས་ཡིག་ཐོག་དང་ངག་ཐོག་ནས་གསལ་བཤད་བྱས་ཡོད་རེད། མང་ཚོགས་ནང་གོ་རྟོགས་མ་ཡོང་བ་ཞིག་ཡོང་གི་རེད་བསམ་གྱི་མི་འདུག ཁོ་རང་ཚོའི་སྙན་ཞུ་དེ་སང་ཉིན་བཀའ་ཤག་ལྷན་ཚོགས་ཐོག་སྤྱན་འབུལ་ཞུ་ཡ་ཡིན་”ཞེས་གསུངས་སོང་།

བཀའ་ཤག་གིས་དོན་གཅོད་འཕོ་འགྱུར་དེ་དགའ་ལྡན་ཕོ་བྲང་དང་བཀའ་ཤག་གྲོས་བསྡུར་ཐོག་ནས་བྱེད་ཀྱི་ཡོད་ཟེར་གྱི་ཡོད་རེད། ད་ཐེངས་དགའ་ལྡན་ཕོ་བྲང་དང་འབྲེལ་བ་ཡོད་མེད་སྐོར་དྲིས་པར། ཁོང་གིས་ “དེའི་ཐོག་གསལ་བཤད་གང་ཡང་མེད་”ཅེས་གསུངས་སོང་།

ཨ་རིའི་དོན་གཅོད་འཕོ་འགྱུར་གྱི་སྐོར་བཀའ་ཤག་གིས་“བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་དང་། དེའི་ལག་བསྟར་བརྒྱུད་རིམ་གོང་འོག་ནས། ཐོག་མར་ཡར་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་བྱས་ཡོད་པ་དེ་བཞིན་དུ། སྐུ་ཚབ་དོན་གཅོད་ཀྱི་ལས་འགན་ནས་འཕོ་འགྱུར་གཏོང་རྒྱུའི་ཐག་གཅོད་ཀྱང་བཅའ་ཁྲིམས་ཀྱི་དོན་ཚན་དང་ལག་བསྟར་བརྒྱུད་རིམ་དེ་དག་རང་གི་འོག་ནས་བྱས་ཡོད་པ་ཞིག་ཡིན་”ཞེས་གསུངས་ཡོད་པ་དང་། བཅའ་ཁྲིམས་དོན་ཚན་དང་པོའི་ནང་གསེས་༣ པའི་ནང་ “བོད་མིའི་སྒྲིག་འཛུགས་དང་བོད་མི་མང་གི་ཆེད་རྒྱལ་སྤྱིའི་དབུ་འཁྲིད་རྣམ་པ་དང༌། གལ་ཆེའི་མི་སྣ་ཁག་དང་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་དང༌། བཀའ་ཤག་གིས་བསྐོ་འཛུགས་བྱས་པའི་སྐུ་ཚབ་དོན་གཅོད་དང་དམིགས་བསལ་སྐུ་ཚབ་རྣམས་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུ་”ཞེས་འཁོད་ཡོད་པ་རེད།

ངོ་རྒོལ་ལས་འགུལ་བ་ཚོས་སྙན་ཞུའི་ནང་འཁོད་དོན། “སྲིད་ཚབ་ཆོས་རིག་བཀའ་བློན་གྱིས་གསུང་པ་ལྟར། སྐུ་ཚབ་དོན་གཅོད་ཀྱི་ལས་འགན་ནས་འཕོ་འགྱུར་གཏོང་རྒྱུའི་ཐག་གཅོད་ཀྱང་བཅའ་ཁྲིམས་ཀྱི་དོན་ཚན་དང་ལག་བསྟར་བརྒྱུད་རིམ་དེ་དག་རང་གི་འོག་ནས་བྱས་ཡོད་པ་ཞིག་ཡིན་ཞེས་གསུངས་པ་དེར་གཞི་འཛིན་ས་གང་ཡང་མེད། རྒྱུ་མཚན་ནི། བཅའ་ཁྲིམས་སུ་དོན་གཅོད་འཕོ་འགྱུར་གཏོང་ཕྱོགས་སྐོར་ཚིག་འབྲུ་གཅིག་ཀྱང་གསལ་མེད་པ་དང་། དོན་ཚན་༡ ནང་གསེས་༣ པ་དེ་༧གོང་ས་མཆོག་ཁོ་ནའི་སྐུ་དབང་ཡིན་སྟབས། ཨ་རི་དོན་གཅོད་སྤེན་པ་ཚེ་རིང་ལགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དང་པོའི་དོན་ཚན་༡ པོའི་ནང་གསེས་༣ པའིི་ནང་གསལ་ལྟར་འཕོ་འགྱུར་བཏང་ཡོད་ཟེར་བ་ནི་༧གོང་ས་མཆོག་གི་རང་ཆས་སུ་ཡོད་པའི་སྐུ་དབང་ཐོག་བཀའ་ཤག་ནས་ཐད་ཀར་ལག་པ་འཆང་བ་ཞིག་ཡིན་པ་མ་ཟད། བཀའ་ཤག་ལ་དོན་ཚན་དེའི་ཐོག་ལག་བསྟར་བྱེད་པའི་ཐོབ་ཐང་དང་དབང་ཚད་མེད་པ་མངོན་རྗེན་ཡིན་སྟབས། དངོས་གནས་བཅའ་ཁྲིམས་དོན་ཚན་འདིའི་ཆ་རྐྱེན་འོག་ནས་དོན་གཅོད་འཕོ་འགྱུར་གྱི་དབང་ཚད་བཀོལ་སྤྱོད་བྱས་པ་ཡིན་ཚེ། དེ་ནི་ཁྲིམས་འགལ་ཡིན་”ཞེས་འཁོད་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 1118

Leave a Reply