དྷ་ས་ནས་བོད་པའི་ཕོ་སར་ཞིག་གསོད་མཁན་ལ་ཁྲིམས་ཆད།

དེ་རིང་དྷ་ས་ཀང་རཱ་རྫོང་ཁོངས་ཀྱི་ཁྲིམས་ཁང་ནས། བོད་པའི་ཕོ་སར་གསོད་མཁན་རྒྱ་གར་བ་གསུམ་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པའི་ཐོག་ཧིན་སྒོར་ཁྲི་ལྔ་རེའི་ཆད་པ་བཅད་ཡོད་འདུག

ཟླ་འདིའི་ཚེས་༡ ཉིན་འདི་གའི་གསར་འགོད་པས་ཕྱི་ལོ་༢༠༡༥ ལོའི་ཟླ་༡༠ པའི་ཚེས་༣༠ ཡི་དགོང་མོར། དྷ་ས་མེག་གྷན་དུ་བོད་མི་ཞིག་ལ་གྲི་བརྒྱབ་སྟེ་བསད་པའི་ཁྲིམས་རྩོད་པ་ཀུན་བཟང་སྟོབས་ལྡན་ལ། ལག་དམར་བ་རྒྱ་གར་གྱི་ཕོ་སར་གསུམ་ལ་ཁྲིམས་ཐག་ག་རེ་བཅད་ཡོད་མེད་སྐོར་གནས་འདྲི་བྱས་སྐབས། ཁོང་གིས་དེ་རིང་དྷ་ས་ཀང་རཱ་རྫོང་ཁོངས་ཀྱི་ཁྲིམས་ཁང་ནས། བོད་པའི་ཕོ་སར་གསོད་མཁན་རྒྱ་གར་བ་གསུམ་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པའི་ཐོག་ཧིན་སྒོར་༥༠༠༠༠ རེ་ཆད་པ་བཅད་ཡོད་སྐོར་དང་། དེ་བཞིན་གྱོད་ཡའི་ངོས་ནས་བསྐྱར་དུ་མཐོ་རིམ་ཁྲིམས་ཁང་ལ་ཞུ་གཏུགས་བྱེད་ཆོག་གི་ཡོད་སྐོར་བཅས་བརྗོད་བྱུང་།

དེ་ཡང་ན་ནིང་ཕྱི་ལོ་༢༠༡༦ ལོའི་ཕྱི་ཟླ་༨ པའི་ཕྱི་ཚེས་༡༣ ཉིན་དྷ་སའི་ཀང་རཱ་རྫོང་ཁོངས་ཀྱི་ཁྲིམས་ཁང་ལ། ཉེས་ཅན་པ་གསུམ་གྱི་ནང་མིས། ཁྲིམས་ཐག་མ་ཆོད་བར་དུ་གཏའ་དངུལ་ཐོག་གནས་སྐབས་རིང་བཙོན་གྲོལ་ཡོང་བའི་སྙན་ཞུ་ཞིག་ཁྲིམས་ཁང་ལ་ཕུལ་ཡོད་ཀྱང་། དེའི་ཐོག་ཉན་ཞིབ་བྱས་མཐར་ཁྲིམས་དཔོན་གྱིས་སྙན་ཞུ་དེར་རྩིས་མེད་བཏང་ནས་མུ་མཐུད་བཙོན་ཁང་དུ་བཅུག་ཡོད་པ་མ་ཟད། དེའི་སྔོན་ལ་ཡང་ཉེས་ཅན་པ་ཚོའི་ནང་མིས་གཏའ་དངུལ་འོག་གནས་སྐབས་རིང་བཙོན་གྲོལ་ཡོང་ཐབས་སུ་སྙན་ཞུ་ཕུལ་ནས། ཕྱི་ལོ་༢༠༡༦ ལོའི་ཕྱི་ཟླ་༧ པའི་ཚེས་༢ ལ་ཁྲིམས་ཁང་གིས་ཉན་ཞིབ་བྱེད་རྒྱུ་བྱས་ཡོད་འདུག་ཀྱང་། གྱོད་ཡའི་ཁྲིམས་རྩོད་པ་སླེབས་མེད་སྟབས་སྙན་ཞུ་རྩིས་མེད་བཏང་ཡོད་འདུག

དེ་སྔོན་གྱི་ཁྲིམས་རྩོད་པ་བསྟན་འཛིན་རྣམ་རྒྱལ་གྱིས་ཁ་མཆུ་དེ་བོད་མི་ཚོར་ཐོབ་རྒྱུའི་རེ་བ་ཆེན་པོ་ཡོད་ཀྱང་། ཁྲིམས་རྩོད་པ་དང་དཔང་མི། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ། བརྒྱུད་ལམ་ཁག་སོགས་ཀྱི་རྒྱབ་སྐྱོར་དང་དོ་སྣང་རྒྱུན་སྐྱོང་དགོས་པ་དང་། ཉན་ཞིབ་སྐབས་ཁྲིམས་ཁང་ལ་བོད་མི་མང་པོ་སླེབས་ཐུབ་པ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་ཡོད་པ་ལྟར། དེ་རིང་ཉན་ཞིབ་སྐབས་དྷ་སའི་ཁུལ་གྱི་ཚོགས་སྡེ་ཁག་མང་པོ་སླེབས་སོང་ཞེས་ཁྲིམས་རྩོད་པ་ཀུན་བཟང་སྟོབས་ལྡན་གྱིས་བརྗོད་བྱུང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 2578

Leave a Reply