དྷ་ས་ས་གནས་འགོ་འཛིན་ལས་ཁང་དབུ་བརྙེས་ནས་ལོ་ངོ་༥༠ འཁོར་བ།

༧གོང་ས་མཆོག་སྐུ་ངལ་གསོ་དགོས་པའི་སྐོར་འཕྲིན་ཡིག་ཕུལ་མཁན་བྱུང་བ་དེ་ཡག་པོ་ཡིན་ཡང་།སོ་སོའི་ཚོགས་སྡེ་ཁག་ནང་གང་ཐུབ་ཀྱིས་གདན་འདྲེན་ཞུ་རྒྱུར་མི་བརྩོན་པར་སྐུ་ངལ་གསོ་ཐབས་སུ་སོ་སོ་རང་ཉིད་ནས་འགོ་བཙུགས་ཏེ་འབད་དགོས་སྐོར་སྲིད་སྐྱོང་བློ་བཟང་སེང་གེས་དྷ་ས་ས་གནས་འགོ་འཛིན་ལས་ཁང་དབུ་བརྙེས་ནས་ལོ་ངོ་༥༠ འཁོར་བའི་དུས་དྲན་ཐོག་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༩ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ པའི་ཐོག་དྷ་ས་མེག་གྷན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་། དྷ་ས་ས་གནས་འགོ་འཛིན་ལས་ཁང་དབུ་བརྙེས་ནས་ལོ་ངོ་༥༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཞིག་འཚོགས་སོང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་། ཀང་གྷ་རྫོང་གི་རྫོང་དཔོན་གཞོན་པ་སྐུ་ཞབས་ཅན་ཌེར་པེར་ཀ་ཤི་ཝེར་མ་བཅས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ས་གནས་ཀྱི་སློབ་ཕྲུག་དང་སེར་སྐྱ་མི་མང་བཅས་ཁྱོན་མི་༡༠༠༠ ལྷག་འཛོམས་འདུག

མཛད་སྒོའི་ཐོག་མར་སྣང་གསལ་ཞལ་འབྱེད་དང་། བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་རྔ་རོལ་དང་གདངས་བཏང་རྗེས། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་གཅེས་པའི་ལུས་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་ངག་བཅད་སྐར་མ་གཅིག་རིང་དང་། དྷ་སའི་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་གྱིས་ལས་བསྡོམས་སྙན་སྒྲོན་བཅས་ཞུས་སོང་།

དེ་རྗེས་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་ཐོག་མར་བོད་ཤོར་ནས་རྒྱ་གར་ནང་སྐྱབས་བཅོལ་དུ་ཡོང་སྐབས་༧གོང་ས་མཆོག་མ་སུ་རིར་བཞུགས་ཡོད་ཀྱང་། རྒྱ་གར་གཞུང་ནས་༧གོང་ས་མཆོག་ལ་དྷ་སར་བཞུགས་དགོས་སྐོར་ཞུས་པ་ལྟར་ཕེབས་རྗེས་དྷ་ས་ཡར་རྒྱས་ཕྱིན་ཏེ་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་ལས་ཆེ་བ་ཆགས་ཡོད་པ་དང་།  ད་ཐེངས་ཀྱི་མཛད་སྒོར་མང་ཚོགས་རྒྱ་ཆེན་པོ་མཉམ་ཞུགས་བྱས་པ་དེས་རྒྱ་ནག་ལ་རྩ་དོན་འཐབ་རྩོད་ཀྱི་བརྡ་ལན་དང་། གཞིས་ལུས་མི་མང་དང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཆགས་ཀྱི་ཡོད་པ། བོད་ཀྱི་རྩ་དོན་གྱི་ཆེད་དུ་འཛམ་བུ་གླིང་ནང་རྒྱ་གར་གཞུང་མང་གཉིས་ལས་ལྷག་མེད་པ་བརྗེད་མི་རུང་བ་མ་ཟད། ཧི་མ་ཅལ་གཞུང་མང་གཉིས་དམིགས་བསལ་བཀའ་དྲིན་ཆེན་པོ་ཡིན་སྟབས་མི་མང་དང་མཐུན་ལམ་བྱ་རྒྱུ་གལ་ཆེ་སྐོར། སྔོན་མ་དྷ་སར་ས་གནས་མི་མང་དང་བོད་མིའི་བར་དཀའ་རྙོག་བྱུང་ཡོད་ཀྱང་། ད་ལྟ་དེ་ལྟར་མིན་པར་མཐུན་ལམ་ཡག་པོ་ཡོད་པས་དེ་རྒྱུན་འཛིན་བྱ་རྒྱུ་གལ་ཆེ་སྐོར་གསུངས་སོང་།

དེ་བཞིན་ཁོང་གིས་དཀའ་ངལ་འཕྲད་དུས་སྐྱབས་བཅོལ་གྱི་མིང་བྱང་སྤྱད་དེ། དཀའ་ངལ་ལས་གྲོལ་རྗེས་ཕྱི་རྒྱལ་བ་ཡིན་མདོག་མདོག་གི་བྱ་སྤྱོད་འཁྱེར་མི་རུང་བ་དང་། ཕྱི་རྒྱལ་དང་རྒྱ་གར་གྱི་མི་སུ་འདྲ་ཞིག་དང་ཐུག་ན་རྣམ་འགྱུར་ཡག་པོ་བསྟན་རྒྱུ་གལ་ཆེ་སྐོར། བོད་མིའི་ནང་ཉམ་ཐག་ཀྱི་གནས་སུ་ཡོད་པ་ཚོས་ངེས་པར་དུ་ས་གནས་འགོ་འཛིན་བརྒྱུད་ནས་གཞུང་ལ་ཞུ་དགོས་པ་དང་། ཉམ་ཐག་མིན་པ་རྣམས་ཉམ་ཐག་གི་ཐོ་གཞུང་ནང་འཛུལ་ཐབས་བྱེད་མི་རུང་བའི་སྐོར། གསར་འབྱོར་ཚོ་ལ་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་སྦྱོང་གི་གོ་སྐབས་ཐེངས་གཉིས་པ་དེ་འབུལ་གྱི་ཡོད་སྟབས་དེ་ནས་སློབ་སྦྱོང་དང་ལག་ཤེས་སྦྱོང་རྒྱུ་གལ་ཆེ་སྐོར།  ༧གོང་མཆོག་གིས་བཙན་བྱོལ་དུ་འབྱོར་རྗེས་ཕྱི་ལོ་༡༩༥༩ ལོའི་ཕྱི་ཟླ་༡༢ པའི་ནང་ནས་མ་སུ་རི་ནས་བཟུང་མཐུན་སྒྲིལ་དགོས་སྐོར་གྱི་བཀའ་སློབ་རབ་དང་རིམ་པ་གནང་ཡོད་ཀྱང་། ད་དུང་ཡང་སྤྱི་ཚོགས་ནང་ཆོལ་ཁའི་འཐེན་འཁྱེར་བྱེད་མཁན་ཡོད་པ་དང་། དེ་ནི་ནང་གི་དགྲ་བོ་ངོ་མ་དེ་ཡིན་སྐོར། གཞན་ཡང་དགོན་པ་དང་ཚོགས་སྡེ་ཁག་ནས་༧གོང་ས་མཆོག་སྐུ་ངལ་གསོ་དགོས་པའི་སྐོར་འཕྲིན་ཡིག་ཕུལ་མཁན་བྱུང་བ་དེ་ཡག་པོ་ཡིན་ཡང་།སོ་སོའི་ཚོགས་སྡེ་ཁག་ནང་གང་ཐུབ་ཀྱིས་གདན་འདྲེན་ཞུ་ཐབས་སུ་འབད་བཞིན་པ་དེ་ནི་ནོར་འཁྲུལ་ཡིན་པ་དང་། སྐུ་ངལ་གསོ་ཐབས་སུ་སོ་སོ་རང་ཉིད་ནས་འགོ་བཙུགས་ཏེ་འབད་དགོས་སྐོར།  པོ་ཏ་ལའི་མདུན་དུ་རྒྱ་གཞུང་གིས་ཐང་ཀ་ཞིག་བཞེངས་ཡོད་པ་དེར་བོད་ནང་ནས་བོད་མི་ཚོས་དུས་འཁོར་ཐང་ཀ་ཞེས་མིང་འདོགས་ཏེ་༧གོང་ས་མཆོག་དེར་ཕེབས་ནས་དུས་འཁོར་དབང་ཆེན་གནང་རྒྱུའི་རྟེན་འབྲེལ་སྒྲིག་གི་ཡོད་སྐོར་བཅས་སོགས་གསུངས་སོང་།

དེ་རྗེས་དམིགས་བསལ་སྐུ་མགྲོན་ཀང་གྷ་རྫོང་གི་རྫོང་དཔོན་གཞོན་པ་སྐུ་ཞབས་ཅན་ཌེར་པེར་ཀ་ཤི་ཝེར་མ་དང་། སྤྱི་འཐུས་ཚོགས་གཞོན་ཨར་ཅརྱ་ཡེ་ཤེས་ཚོགས་གཉིས་ཀྱིས་གསུང་བཤད་གནང་བ་མ་ཟད། ས་གནས་འགོ་འཛིན་དང་ས་འཐུས་རང་བདེན་ཚོགས་ཆུང་ནས་དྷ་སའི་མི་མང་གི་ཚབ་ཞུས་ནས་༧གོང་ས་མཆོག་ལ་བཀའ་དྲིན་ཆེ་ཞུའི་སྟོན་པའི་ཞལ་ཐང་གཅིག་ཕུལ་ཡོད་པ་རེད།

གཞན་ཡང་མཛད་སྒོའི་ཐོག་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་མཚོན་སླད་ཕྱག་རྟགས་དང་། རྒྱ་གར་ཡུལ་མི་དང་མངའ་སྡེའི་འཛིན་སྐྱོང་ལ་བཀའ་དྲིན་ཆེ་ཞུའི་ཕྱག་རྟགས། དེ་བཞིན་སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཞོན་གཉིས་ལ་དགའ་བསུའི་ཕྱག་རྟགས། དྷ་སའི་ས་གནས་འགོ་འཛིན་ཟུར་པ་རྣམས་བཅས་ལ་བཀའ་དྲིན་ཆེ་ཞུའི་ཕྱག་རྟགས་ཕུལ་སོང་བ་མ་ཟད། བོད་ཀྱི་འགྲེམས་སྟོན་ཁང་དུ་དྷ་ས་གནས་དང་འབྲེལ་བའི་འགྲེམ་སྟོན་ཁང་ཞིག་དབུ་འབྱེད་བྱས་སོང་། གཞན་ཡང་བོད་གཞུང་ཟློས་གར་གྱིས་གཙོས་པའི་དྷ་སའི་གཡས་གཡོན་གྱི་ཚོགས་སྡེ་ཁག་ནས་གཞས་སྣ་འདྲ་མིན་སྣ་ཚོགས་གཟིགས་འབུལ་ཞུས་དང་ཞུ་མུས་རེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 140

Leave a Reply