དྷ་སའི་ཚོགས་པ་བདུན་གྱིས་མཚན་སྨོད་ཞུ་མཁན་ཐེར་འདོན་བྱེད་རྒྱུ།

ཟླ་འདིའི་ཚེས་༡༩ ཉིན་གྱི་སྔ་དྲོར་དྷ་སར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བདུན་མཉམ་འབྲེལ་གྱིས། ༧གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་ཚོ་ཐེར་འདོན་དང་། གནས་ཡུལ་སོ་སོའི་ས་གནས་ལ་ཁྲིམས་གཏུག་དགོས་པའི་གསར་འགོད་ལྷན་ཚོགས་ཤིག་བསྐོངས་སོང་།

unnamedui8གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། “རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་བོད་འབངས་བདེ་ཐབས་སུ་སྔ་ཕྱི་བར་གསུམ་དུ་བཀའ་དྲིན་ཇི་ལྟར་བསྐྱང་བར་རིག་འཚོ་མ་ཟིན་པ་དང་སྨོན་ལམ་ལོག་པའི་དམ་སྲིས་བརྒྱུད་བསྐུལ་བའི་མི་ངན་རིགས་ཕུད། ཤེས་པ་རྣལ་དུ་གནས་པའི་སྐྱེ་བོ་ཀུན་གྱི་བློ་ངེས་སེམས་གསལ་གྱིས་བཀའ་དྲིན་རྗེས་དྲན་ཞུས་དང་ཞུ་བཞིན་ཡོད་པ་ཀུན་གྱིས་ཤེས་གསལ་ཡིན”ཞེས་དང་།

“བར་ལམ་ནས་བོད་མིའི་སྤྱི་ཚོགས་ནང་ངོ་ཚ་ཁྲེལ་གཞུང་མེད་པའི་ཀླད་མེད་རེ་ཟུང་དངུལ་དངོས་ཁོ་ནར་ཞེན་ཏེ་རྒྱ་དམར་གྱི་མགྲིན་ཚབ་བྱེད་བཞིན་དྲ་ལམ་ཁག་ཏུ་འཇིག་རྟེན་ཞི་བདེའི་དེད་དཔོན་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྲིན་བྱས་དྲིན་དུ་མ་གོ་བར་གཞི་མེད་བསྙོན་འཛུགས་གྱི་གཟུགས་མེད་གྲིབ་བཟོའི་སྐུར་འདེབས་ཁ་ནས་གང་ཐོན་བྱས་དང་བྱེད་མུས་ཐད།   ང་ཚོ་མིང་འཁོད་ཚོགས་པ་བདུན་གྱིས་ཐེར་འདོན་མཐའ་གཅིག་ཏུ་བྱེད་རྒྱུའི་གྲོས་དོན་ལྟར། སྤྱིའི་འགན་དབང་ཡོད་པའི་བཀའ་སྤྱི་གཉིས་དང་ཆོས་སྡེ། ཚོགས་སྐྱིད་ཁག  རྒྱ་ཆེའི་སེར་སྐྱ་མང་ཚོགས་ཡོངས་ནས་དེ་ལུགས་རང་དོན་རང་གཅེས་ཀྱིས་ཕྱར་གྲུ་མཉམ་འདེགས་དང་། བོད་མིའི་ས་ཁུལ་ཁག་ཏུ་མི་ངན་གཏེ་བོ་དེ་དག་གི་ལོ་རྒྱུས་འདྲ་པར་སོགས་ཉེས་སྤྱོད་ཐེར་འདོན་གྱི་འགན་འཁུར་སོགས་ཚོར་བ་རྣོན་པའི་སྒོ་ནས་ཉེ་སྤྱོད་དེ་དག་ལ་གདོང་ལེན་གྱི་ལས་འགུལ་སྤྱི་དང་། ལྷག་པར་གནས་ཡུལ་སོ་སོའི་གཞུང་དང་ཁྲིམས་ཁང་ལ་ཞུ་གཏུགས་གནང་རྒྱུའི་མཚོན་གང་ལ་ཕན་ནུས་ལྡན་པའི་ལས་འགུལ་སྤེལ་ཐབས་ལ་དགོངས་བཞེས་དང་། བོད་མིའི་བདེ་རྩ་དང་ཆིག་བསྒྲིལ་གོང་འཕེལ་ཡོང་སླད་མཉམ་རུབ་འགན་འཁུར་གྱིས་ཆ་ཤས་ལེན་པའི་སྒོ་ནས་དོན་གནད་དེར་རྩ་འཛིན་ཅི་ནས་ཀྱང་གནང་གལ་ཆེ་བའི་འབོད་བསྐུལ་གསལ་བསྒྲགས་སུ་”ཞེས་འཁོད་ཡོད་པ་རེད།

གསར་འགོད་པས་ཁྱེད་རང་ཚོས་དྲ་ལམ་དུ་༧གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་ལ་ངོ་རྒོལ་གྱི་ལས་འགུལ་ག་རེ་སྤེལ་རྒྱུ་ཡིན་དང་། གཙོ་བོ་ངོ་རྟགས་ཆོད་པའི་མི་སུ་ཡོད་ཅེས་དྲིས་པར། དབུས་གཙང་ཆོལ་ཁའི་རྒྱུན་ལས་སྤྱི་འཐུས་ཟླ་བ་ཚེ་རིང་གིས་ལན་འདེབས་གནང་དོན།  “༧རྒྱལ་བ་རིན་པོ་ཆེས་འཛམ་གླིང་གི་ཆེ་བསྟོད་ཞུ་དགོས་པའི་བཀའ་དྲིན་ཆེན་པོ་གནང་བསྡད་ཡོད་པའི་སྐབས། བོད་པའི་མི་དེ་འདྲས་བཀའ་དྲིན་བསམ་ཤེས་མེད་པ་དང་། བོད་པའི་བསོད་ནམས་ཟད་བཅུག་པའི་རྒྱ་མིས་མཚན་སྨོད་མ་ཞུས་པ་དེ་འདྲ་ཞུ་ཡི་ཡོད་པས། ཁོང་ཚོར་༧རྒྱལ་བ་རིན་པོ་ཆེ་དགོས་ཀྱི་མེད་ནའང་། ང་ཚོ་རྒྱལ་བ་རིན་པོ་ཆེའི་སྐྱབས་འོག་ནས་འབྲལ་འདོད་མེད་ཅེས་རྣམ་འགྱུར་སྟོན་རྒྱུ་དེ་རེད། མི་དེ་ཚོ་ངོ་རྟགས་ཆོད་པ་བྱས་ཏེ་བོད་ཕྱི་ནང་གཉིས་ནང་མི་འདི་ཚོ་རེད་ཅེས་ངོ་སྤྲོད་བྱེད་རྒྱུ་དང་། དགོས་གལ་བྱུང་ན་བོད་གཞུང་དང་རྒྱ་ཆེའི་མང་ཚོགས། གཞུང་འབྲེལ་མིན་པའི་ཚོགས་པ། ཆོས་སྡེ་ཁག་སོགས་ལ་༧རྒྱལ་བ་རིན་པོ་ཆེར་མཚན་སྨོད་ཞུས་པ་མ་གོ་མདོག་གིས་སྡོད་རྒྱུ་མི་འདུག ཚང་མས་འགན་ཁུར་རོགས་དང་དེ་ཚོ་གསལ་བཤད་བྱེད་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན་”ཞེས་ལན་འདེབས་གནང་སོང་།

གསར་འགོད་པས། ཚོགས་པ་འདི་ཚོས་དེ་སྔོན་ཡང་གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་ཚོའི་ཐོག་ཅིག་བྱེད་རྒྱུ་ཡིན་ཞེས་གསར་འགོད་གསལ་བསྒྲགས་གནང་བ་རེད་མོད། རྗེས་སུ་ལས་ཀ་གནང་བ་དེ་ཙམ་མཐོང་མ་སོང་། ད་ཐེངས་གསལ་བསྒྲགས་འདི་སྤྱི་ཚོགས་ནང་བཀྲམ་པ་ལས། དངོས་སུ་༧གོང་ས་མཆོག་གི་མཛད་འཕྲིན་ལ་ཕན་པའི་ལས་ཀ་ཞིག་གནང་གི་རེད་དམ་ཞེས་དྲིས་པར། སྤྱི་འཐུས་ཟླ་བ་ཚེ་རིང་གིས། “ང་ཚོའི་དམིགས་ཡུལ་དེ་ལངས་ཕྱོགས་གསལ་པོ་ཞིག་སྟོན་དགོས་ཀྱི་རེད། ང་ཚོས་གསལ་བསྒྲགས་དེ་བཀྲམ་པ་ཙམ་གྱིས་ང་ཚོ་ཁོང་ཚོའི་གྲལ་དུ་མེད། ང་ཚོ་སྐྱབས་འོག་ནས་འབྲལ་འདོད་མེད། བཀའ་དྲིན་རྗེས་དྲན་ཤེས་ཀྱི་ཡོད། བཀའ་དྲིན་རྗེས་དྲན་ཤེས་རོགས། ང་ཚོ་ཁོང་ཚོ་དང་ལོགས་སུ་ཡིན་པའི་རྣམ་འགྱུར་སྟོན་རྒྱུ་དེ་དང་པོ་རེད། དེ་ནས་གསལ་བསྒྲགས་བཀྲམ་པ་ལས་དངོས་སུ་ལས་ཀ་བྱས་པ་མཐོང་མ་སོང་ཟེར་བ་ཕལ་ཆེར་བདེན་པ་རེད་དེ། ལས་ཀ་འགའ་ཤས་གསལ་བསྒྲགས་བཀྲམ་རྗེས། ཞུ་དགོས་ས་ལ་ཞུས་ནས་ལག་ལེན་ཁེལ་བ་བྱུང་ཡོད། ཚང་མ་ཕྱི་གསལ་ནང་གསལ་བྱེད་པ་རྒྱུ་མཚན་མི་འདུག་མོད། འབྲེལ་ཡོད་ལ་བཀའ་འདྲི་ཞུས་ཆོག་རེད་”ཅེས་གང་ཐུབ་བྱས་ཡོད་སྐོར་དང་། གཅིག་གཉིས་ཀྱང་མ་ལྷག་པར་ཚགས་ཚུད་པོ་དེ་འདྲ་གནང་ཐུབ་ཁག་པོ་ཡིན་ནའང་། མ་འོངས་པར་ཡང་ལས་འགུལ་ཡོང་རྒྱུ་ཡིན་སྐོར་གསུངས་སོང་།

ཚོགས་པ་བདུན་གྱིས་མཚན་སྨོད་ཞུ་མཁན་མི་ཁག་ཅིག་མིང་འདོན་བྱས་པ་ཚོང་ཁང་སྐྱིད་སྡུག་གི་ཚོགས་གཙོས་ངོ་སྤྲོད་གནང་བ། ནིའུ་ཡོག་ནས་རྡོ་རྗེ་བཀྲ་ཤིས་དང་། དབང་ཆེན་ཉི་མ། མཱེ་ནེ་སོ་ཊ་ནས་བདེ་ཆེན་དབང་མོ། ཐའེ་ཝན་ནས་པདྨ་རྒྱལ་མཚན། ལྡི་ལི་ནས་ངག་དབང་དོན་ལྡན། ཨོ་སི་ཁྲི་ལི་ཡ་ནས་ཐུབ་བསྟན་བཅས་ངོ་རྟགས་ཆོད་ཡོད་སྐོར་དང་། དེ་ཚོ་སྒེར་པ་ལས་ཚོགས་པ་དེ་འདྲར་འབྲེལ་བ་ཡོད་པ་ངོས་འཛིན་བྱེད་ཀྱི་མེད་སྐོར་འགྲེལ་བརྗོད་གནང་སོང་།  དེ་བཞིན་ཚོགས་པ་ཁག་གིས་ཕྱི་རྒྱལ་ཁག་ཏུ་སྡོད་མཁན་ཚོའི་མིང་རྒྱ་གར་གྱི་ཁྲིམས་ཐོག་ལ་གཏུགས་ན། ཕྱི་རྒྱལ་ནས་རྒྱ་གར་དུ་ཡོང་མི་ཐུབ་པ་བཟོ་ཐབས་ཡོད་སྐོར་དང་། ས་གནས་སོ་སོ་ནས་བོད་གཞུང་གིས་འགན་ཁུར་ནས་ཚོགས་པ་ཁག་གིས་མཚན་སྨོད་ཞུ་མཁན་ཚོ་ཁྲིམས་ལ་གཏུག་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་སྐོར་ཡང་གསུངས་སོང་།

གསར་འགོད་པས་རྒྱ་ནག་གིས་བོད་ས་ཕྲོགས་ནས་༧གོང་ས་མཆོག་ལ་མཚན་སྨོད་མང་པོ་ཞུ་ཡི་ཡོད་རེད། དེ་ཚོ་ལས་བོད་མི་ཁག་ཅིག་དེ་ཚབ་ཆེ་བར་བརྩི་ཡོད་རེད་དང་། ཁོ་ཚོ་རྒྱ་མིར་འབྲེལ་བ་ཡོད་པ་རེད་ཟེར་གྱི་ཡོད་རེད་དམ་ཅེས་དྲིས་པར།
སྤྱི་འཐུས་ཟླ་བ་ཚེ་རིང་གིས། “ཁོང་ཚོ་ཚབ་ཆེ་བ་རེད་དང་རྒྱ་མིས་མཚན་སྨོད་ཞུས་པ་དེ་ཚབ་ཆུང་བ་རེད་ཟེར་གྱི་མེད། ཁོང་ཚོ་ལས་འཛམ་གླིང་ནང་ཡོད་པ་མ་རེད་ཟེར་གྱི་མེད། བོད་པ་ཞིག ལྷག་པར་༧རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་འོག་འཚར་ལོངས་བྱུང་བའི་མི་ཞིག་གིས་བཀའ་དྲིན་བསམ་ཤེས་མེད་པར། དངོས་སུ་མཚན་སྨོད་ཞུས་པ་དེར་བློ་ཕམ་ཡོད་”ཅེས་དང་། “༧སྐྱབས་མགོན་རིན་པོ་ཆེའི་བཀའ་དྲིན་མ་བསམ་ནས། མཚན་སྨོད་བྱས་ཡོང་ནས། རྒྱ་མི་ལ་དགོས་པ་དེ་བྱས་ཡོང་དུས་རྒྱ་མི་དང་འབྲེལ་བ་ཡོད་པ་དངོས་སུ་ཁོངས་སྐྱེལ་རྒྱུ་མེད་ནའང་། ཚོད་དཔག་གི་ཐོག་ནས་ང་ཚོས་དེར་ངོས་འཛིན་བྱེད་ཀྱི་ཡོད་”ཅེས་གསུངས་སོང་།

གསལ་བསྒྲགས་དེ་སྤེལ་མཁན་དབུ་མའི་ལམ་ལས་འགུལ་ཚོགས་པ་དང། དབུས་གཙང་ཆོལ་ཁ། མངའ་རིས་སྤྱི་མཐུན་ཚོགས་པ། མདོ་སྨད་ཆོལ་ཁ། དྷ་ས་མདོ་སྟོད་ཆུ་བཞི་སྒང་དྲུག ཚོང་ཁང་ཚོགས་པ། ཆིག་སྒྲིལ་ཚོགས་པ་བཅས་ཡིན་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||