དྷ་སའི་འོས་འདེམས་ས་ཁུལ་ནས་བྷི་ཇི་པི་ལ་རྒྱལ་ཁ་ཐོབ་འདུག

རྒྱ་གར་གྱི་བྷི་ཇི་པི་ཆབ་སྲིད་ཚོགས་པའི་འགོ་ཁྲིད་རྒན་པ་དང་བློན་ཆེན་ཟུར་པ་ཀི་ཤན་ཀ་པུར་ལ་དྷ་སའི་འོས་འདེམས་ས་ཁུལ་ནས་འོས་བསྡུའི་རྒྱལ་ཁ་ཐོབ་སྟེ་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་ཆགས་ཡོད་པ་མ་ཟད། ཧི་མ་ཅལ་ཁྱོན་ཡོངས་ནས་བྷི་པི་ལ་རྒྱལ་ཁ་ཆེན་པོ་ཐོབ་འདུག

དེ་ཡང་རྒྱ་གར་འོས་བསྡུ་ལྷན་ཁང་གིས་ད་ལྟ་རང་བསྒྲགས་པ་ལྟར་ན། ཧི་མ་ཅལ་མངའ་སྡེའི་འོས་འདེམས་ས་ཁུལ་དྷ་ས་ནས་བྷི་ཇི་པིའི་འོས་མི་ཀི་ཤན་ཀ་པུར་ལ་ཁྱོན་འོས་གྲངས་༢༦,༠༥༠ ཐམ་པ་ཐོབ་ནས་འོས་འགྲན་གྱི་རྒྱལ་ཁ་ཐོབ་ཡོད་པ་དང་། འོས་འདེམས་ས་ཁུལ་འདི་ནས་ཀི་ཤན་ཀ་པུར་ལ་ཀོང་རེ་སི་ཆབ་སྲིད་ཚོགས་པའི་འོས་མི་སུ་དྷིར་ཤར་མ་ལས་འོས་གྲངས་༢,༩༩༧ གྱིས་མང་བ་བྱུང་ཡོད་འདུག(News 18) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དྷ་སའི་འོས་འདེམས་ས་ཁུལ་ནས་འོས་ལྡུག་མཁན་ཁྱོན་༧༤,༨༦༣ ཡོད་པའི་ཁྲོད་ནས་སྐྱེས་པ་༣༨,༣༢༠ དང་། བུད་མེད་༣༦,༥༤༣ ཡོད་པ་རེད་འདུག

དེ་བཞིན་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འོས་བསྡུའི་གྲུབ་དོན་དུ། བྷི་ཇི་པི་ལ་གྲོས་ཚོགས་རྐུབ་སྟེགས་༦༨ ནས་༤༤ ཐོབ་ནས་རྒྱལ་ཁ་བླངས་ཡོད་པ་དང་། མངའ་སྡེ་གཞུང་འཛིན་བྱེད་པའི་དགོས་མཁོའི་ཆ་རྐྱེན་ལས་བརྒལ་ཡོད་པ་རེད། ཀོང་རེ་སི་ལ་གྲོས་ཚོགས་རྐུབ་སྟེགས་༢༡ ཐོབ་ཡོད་པ་རེད། གྷུ་ཇུ་ར་ཊེ་མངའ་སྡེའི་གྲོས་ཚོགས་འོས་བསྡུར་ཡང་བྷི་ཇེ་པི་ལ་རྒྱལ་ཁ་ཐོབ་ཡོད་པ་རེད་འདུག

རྒྱ་གར་ནང་གི་མངའ་སྡེ་༢༩ ཡོད་པའི་ནང་ནས་བྷི་ཇེ་པི་སྲིད་དོན་ཚོགས་པས། མངའ་སྡེ་༡༩ ལ་གཞུང་འཛིན་བྱེད་བཞིན་ཡོད་པ་རེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share this: