དྷ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་དྲུག་པ་འཚོག་འཆར།

ཁྲུང་ཁྲུང་དཀར་མོ་སྒྱུ་རྩལ་ཐེབས་རྩས་གོ་སྒྲིག་བྱེད་བཞིན་པའི་༢༠༡༧ དྷ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་དྲུག་པ་དེ། ཕྱི་ཟླ་༡༡ པའི་ཚེས་༢ ནས་༥ བར་དྷ་སར་འཚོགས་རྒྱུ་ཡིན་པ་རེད།

དེ་ཡང་ཟླ་འདིའི་ཚེས་༢༤ ཉིན་དྷ་སར་གློག་བརྙན་དུས་སྟོན་དེའི་སྐོར་ལ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་པ་དང་། གློག་བརྙན་དུས་སྟོན་གོ་སྒྲིག་པ་བསྟན་འཛིན་བསོད་ནམས་ཀྱིས་འགྲེལ་བརྗོད་གནང་བ་ལྟར་ན། ཁྲུང་ཁྲུང་དཀར་མོ་སྒྱུ་རྩལ་ཐེབས་རྩས་གོ་སྒྲིག་བྱས་པའི་དྷ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དེ། ཚོང་འབྲེལ་གྱི་ངོ་བོ་མ་ཡིན་པར། གཙོ་བོ་རྒྱལ་སྤྱིའི་རང་དབང་ཅན་གྱི་གློག་བརྙན་ཚད་ལྡན་སྟོན་པ་དང་། གློག་བརྙན་བཟོ་སྐྲུན་པ་གང་མང་དྷ་སར་མགྲོན་འབོད་བྱས་ནས་སྤྱི་ཚོགས་གཞན་དང་རིག་གཞུང་གཞན་གྱི་སྐོར་གོ་རྟོགས་དང་བསམ་བློ་གསར་པ་སྤེལ་རྒྱུ། ས་གནས་སུ་གློག་བརྙན་བཟོ་མཁན་གང་མང་བསྐྲུན་ཆེད་དམིགས་བསལ་ཟབ་སྦྱོང་དང་། ཆེད་ལས་པའི་མཉམ་དུ་སྦྱོང་བརྡར་གོ་སྒྲིག ས་གནས་རྒྱ་གར་མི་མང་དང་སྐྱབས་བཅོལ་བོད་མི། དེ་བཞིན་ཕྱི་རྒྱལ་ཡུལ་སྐོར་བ་རྣམས་ལ་དོན་ལྡན་དང་ཕྱོགས་ལྷུང་མེད་པའི་སྡིངས་ཆ་བསྐྲུན་ནས་ཁོང་ཚོའི་བར་མཐུན་འགྲིག་གོང་འཕེལ་དང་དེང་དུས་ཀྱི་སྒྱུ་རྩལ་གོང་འཕེལ་གཏོང་རྒྱུ། གློག་བརྙན་དུས་སྟོན་འདི་བརྒྱུད་ནས་ས་གནས་སུ་གློག་བརྙན་ལ་དགའ་མོས་དང་ཕྱི་ནང་གི་ཡུལ་སྐོར་བ་མང་དུ་གཏོང་རྒྱུ། ལྷག་པར་དུ་དྷ་སར་རིག་གཞུང་ལ་དམིགས་ནས་ཡུལ་སྐོར་བ་མང་དུ་གཏོང་ཆེད་བཅས་ཡིན་པ་རེད།

གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་བསོད་ནམས་ལ་གློག་དུས་སྟོན་ཐེངས་ལྔ་བྱས་ཟིན་པས། ད་ལྟའི་གནས་སྟངས་དང་ཤུགས་རྐྱེན་ག་འདྲ་བྱུང་ཡོད་མེད་སྐོར་བཅར་འདྲི་བྱས་པར། ཁོང་གིས། “ཐོག་མར་འགོ་བཙུགས་དུས་ས་གནས་རིང་གི་ཆེད་དུ་རེད། རྒྱལ་སྤྱིའི་རང་དབང་ཅན་གྱི་གློག་བརྙན་དུས་སྟོན་འདི་འདྲ་རྒྱ་གར་ནང་དཀོན་པོ་ཡིན་པས། འདས་པའི་ལོ་ལྔའི་ནང་དྷ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དེ་ཁྱབ་ནས། དེར་ལྟ་ཡི་ཡོང་མཁན་དང་དོ་སྣང་བྱེད་མཁན་མང་དུ་སོང་བས། རྒྱ་གར་ཁྱོན་ཡོངས་ལ་ཕན་ཐོགས་པོ་འདྲ་བྱུང་སོང་། རྒྱ་གར་གློག་བརྙན་བཟོ་མཁན་གསར་པ་ཡག་པོ་ཆགས་ཐུབ་མཁན་མཉམ་ཞུགས་བྱེད་མཁན་ཧ་ཅང་མང་པོ་ཆགས་འདུག་”ཅེས་འགྲེལ་བརྗོད་བྱས་སོང་།

གློག་བརྙན་དུས་སྟོན་དེའི་ཐོག་བོད་པ་མཉམ་ཞུགས་བྱེད་མཁན་ག་འདྲ་ཡོང་གི་ཡོད་དང་། དེ་གལ་ཆེ་ཆུང་སྐོར་དྲིས་པར། ཁོང་གིས། “བོད་པའི་སྤྱི་ཚོགས་ནང་ལོ་གཞོན་གློག་བརྙན་བཟོ་འདོད་ཡོད་པ་མང་དུ་འགྲོ་ཡི་འདུག གློག་བརྙན་བཟོ་བ་དེ་འགོ་བཙུགས་ན་སྐད་ཡིག་གསར་པ་སྦྱང་པ་དང་འདྲ་པོ་རེད། གློག་བརྙན་སྤུས་དག་པོ་མང་པོར་བལྟ་ཐུབ་ན། སོ་སོ་ལ་སློབ་སྦྱོང་རག་གི་རེད། དེ་ནས་ང་ཚོའི་གློག་བརྙན་དེ་ཚོ་སྤྱི་ཚོགས་ནང་གི་དེང་དུས་ཀྱི་རྙོག་གྲ་དང་དཀའ་ངལ་སྐོར་དེ་འདྲ་རེད། ཕྱོགས་གཅིག་དང་ལུང་པ་གཅིག་གི་རིག་གཞུང་མ་རེད། དེ་ཡིན་དུས་གློག་བརྙན་བལྟས་ན་མཐོང་རྒྱ་ཆེ་རུ་འགྲོ་ཡི་རེད་”ཅེས་གསུངས་སོང་།

གློག་བརྙན་དུས་སྟོན་དེའི་ཐོག་སྟོན་རྒྱུར་འདེམས་སྒྲིག་ག་འདྲ་བྱེད་ཀྱི་ཡོད་ཅེས་དྲིས་པར། “ཐོག་མར་གློག་བརྙན་བཟོ་མཁན་དང་ཚོང་ལས་ཁང་དེ་འདྲར་འབྲེལ་བ་བྱས་ནས། གློག་བརྙན་རག་པ་དེར་ངེད་གཉིས་ཀྱིས་བལྟས་ནས་ཡག་པོ་མཐོང་ན། མི་གཞན་པར་སྐད་ཆ་དྲིས་ནས་འདེམས་སྒྲིག་བྱེད་ཀྱི་ཡོད་པ་རེད། ད་ལོར་དམིགས་བསལ་བོད་པའི་དོ་སྣང་དགོས་ས། ༡༩༤༩ ལོར་ཨ་རིའི་གསར་འགོད་པ་ལཱོ་ཝོར་ ཐའི་མ་སི་(Lowell Thomas) ཁོང་བོད་ལ་ཕེབས་ནས་གློག་བརྙན་<<Out of This World>> ཞེས་ཞིག་བཟོས་ཡོད་རེད། ད་ལྟ་གསར་པ་ཕྱོགས་བསྒྲིགས་བྱས་ནས་སྟོན་རྒྱུ་ཡིན། དེའི་ནང་སྔོན་མ་བོད་ག་འདྲ་ཡིན་པ་དེ་ཚོ་ཡོད་རེད་”ཅེས་གསུངས་སོང་།

བོད་པ་གློག་བརྙན་བཟོ་མཁན་དུས་སྟོན་དེའི་ནང་མཉམ་ཞུགས་བྱེད་མཁན་ཡོད་མེད། ཚད་མ་ལོངས་པའི་དཀའ་ངལ་ཡོད་མེད་སྐོར་དྲིས་པར། ཁོང་གིས། “སྤྱིར་བཏང་ང་ཚོས་རྒྱལ་སྤྱིའི་ནང་སྐད་གྲགས་ཅུང་ཡོད་པ་སྟོན་གྱི་རེད། དེ་ཚོ་སྤུས་ཏག་པོ་རེད། ད་ལྟའི་ཆར་བོད་པ་གློག་བརྙན་གཏོང་མཁན་འདུག་ལ། སྔོན་མ་དང་བསྡུར་ན་སྤུས་ཚད་ཡག་ཏུ་སོང་འདུག་སྟེ། ད་དུང་ཅུང་ཁག་པོ་འདུག་”ཅེས་གསུངས་སོང་།

ཁྲུང་ཁྲུང་དཀར་མོ་སྒྱུ་རྩལ་ཐེབས་རྩ་ནི་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་བསོད་ནམས་དང་། ཁོང་གི་བཟའ་ཟླ་རི་ཏུ་ས་རིན་གཉིས་ཀྱིས་གསར་འཛུགས་བྱས་པ་ཞིག་ཡིན་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 91

Leave a Reply