དྷ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་འགོ་འཛུགས།

ཟླ་འདིའི་ཚེས་༢ དགོང་མོ་དྷ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་འགོ་འཛུགས་ཀྱི་མཛད་སྒོ་དྷ་ས་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་འཚོགས་ཡོད་པ་རེད།

མཛད་སྒོའི་ཐོག་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་དང་སྤྱི་འཐུས་ཁག་ཅིག གློག་བརྙན་བཟོ་སྐྲུན་པ་དང་། སྒྱུ་རྩལ་བ། མི་མང་བཅས་འཛོམས་ཡོད་པ་རེད། གློག་བརྙན་དུས་སྟོན་གོ་སྒྲིག་པ་བསྟན་འཛིན་བསོད་ནམས་དང་། རི་ཏི་ས་རིན་གཉིས་ཀྱིས་དུས་སྟོན་ངོ་སྤྲོད་གཏམ་བཤད་གནང་སོང་། སློབ་མ་ཆུང་ཆུང་ནང་གློག་བརྙན་གསར་བཟོའི་འགྲན་སྡུར་ནང་ཞུགས་མཁན་དཔེ་སྟོན་སློབ་གྲྭའི་སློབ་མ་གཅིག་དང་། དྷ་སའི་ཉེ་འཁོར་གྱི་རྒྱ་གར་སློབ་མ་གཉིས་བཅས་ལ་ཨང་དང་གཉིས་གསུམ་གྱི་བྱ་དགའ་སྤྲད་ཡོད་པ་རེད། གློག་བརྙན་དུས་སྟོན་དེའི་ཕྱི་ཟླ་༡༡ ཚེས་༥ བར་འཚོགས་ཀྱི་ཡོད་པ་དང་། གློག་བརྙན་མ་འདྲ་བ་༢༠ ལྷག་སྟོན་གྱི་ཡོད་པ་རེད།

ཁྲུང་ཁྲུང་དཀར་མོ་སྒྱུ་རྩལ་ཐེབས་རྩས་གོ་སྒྲིག་བྱས་པའི་དྷ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དེ། ཚོང་འབྲེལ་གྱི་ངོ་བོ་མ་ཡིན་པར། གཙོ་བོ་རྒྱལ་སྤྱིའི་རང་དབང་ཅན་གྱི་གློག་བརྙན་ཚད་ལྡན་སྟོན་པ་དང་། གློག་བརྙན་བཟོ་སྐྲུན་པ་གང་མང་དྷ་སར་མགྲོན་འབོད་བྱས་ནས་སྤྱི་ཚོགས་གཞན་དང་རིག་གཞུང་གཞན་གྱི་སྐོར་གོ་རྟོགས་དང་བསམ་བློ་གསར་པ་སྤེལ་རྒྱུ། ས་གནས་སུ་གློག་བརྙན་བཟོ་མཁན་གང་མང་བསྐྲུན་ཆེད་དམིགས་བསལ་ཟབ་སྦྱོང་དང་། ཆེད་ལས་པའི་མཉམ་དུ་སྦྱོང་བརྡར་གོ་སྒྲིག ས་གནས་རྒྱ་གར་མི་མང་དང་སྐྱབས་བཅོལ་བོད་མི། དེ་བཞིན་ཕྱི་རྒྱལ་ཡུལ་སྐོར་བ་རྣམས་ལ་དོན་ལྡན་དང་ཕྱོགས་ལྷུང་མེད་པའི་སྡིངས་ཆ་བསྐྲུན་ནས་ཁོང་ཚོའི་བར་མཐུན་འགྲིག་གོང་འཕེལ་དང་དེང་དུས་ཀྱི་སྒྱུ་རྩལ་གོང་འཕེལ་གཏོང་རྒྱུ། གློག་བརྙན་དུས་སྟོན་འདི་བརྒྱུད་ནས་ས་གནས་སུ་གློག་བརྙན་ལ་དགའ་མོས་དང་ཕྱི་ནང་གི་ཡུལ་སྐོར་བ་མང་དུ་གཏོང་རྒྱུ། ལྷག་པར་དུ་དྷ་སར་རིག་གཞུང་ལ་དམིགས་ནས་ཡུལ་སྐོར་བ་མང་དུ་གཏོང་ཆེད་བཅས་ཡིན་པ་རེད།

གསར་འགོད་པ་ཆོས་ཉིད་ཟེར།

 

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 75

Leave a Reply