དྷ་སར་བོད་ཀྱི་མཛངས་པ་འགྲན་སྡུར་ཐེངས་དང་པོ་བྱ་རྒྱུ།

རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་དྷ་ས་ཁུལ་དུ། བོད་ཀྱི་མཛངས་པའི་འགྲན་བསྡུར་ཐེངས་དང་པོ་བྱ་རྒྱུ་ཡིན་པ་དང་། དེའི་ནང་འཛུལ་ཞུགས་པ་སྐྱེས་པ་༥ ཡོད་པ་རེད་འདུག

གོ་སྒྲིག་པ།

ཟླ་༡༠ པའི་ཚེས་༡༦ ཉིན་དྷ་ས་མེག་གྷན་གྱི་ནོར་བུ་གསོལ་མགྲོན་ཁང་དུ། གཡག་རྩེད་རིགས་ཚོགས་པ་(YAK EVENTS) ཡིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཡོད་པ་དང་། དེ་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་བསྟན་འཛིན་བཀྲ་ཤིས་ཀྱིས། བོད་ཀྱི་མཛངས་པ་འགྲན་སྡུར་ཐེངས་དང་པོའི་སྐོར་ངོ་སྤྲོད་བྱས་སོང་།

བོད་ཀྱི་མཛངས་པ་འགྲན་སྡུར་ཐེངས་དང་པོའི་དངོས་གཞི་འགྲན་སྡུར་དེ་ཟླ་༡༠ པའི་ཚེས་༢༥ ནས་༢༨ བར་བྱ་རྒྱུ་ཡིན་པ་དང་། དེ་ཡང་ཚེས་༢༥ དྷ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་ལུས་སྦྱོང་ཁང་དུ། ལུས་པོའི་སྟོབས་རྩལ་འགྲན་སྡུར་བྱ་རྒྱུ་དང་། ཚེས་༢༦ ཉིན་གྱི་སྔ་དྲོར་ནོར་གླིང་དུ་ཡོད་པའི་རྒྱ་གར་གསོལ་མགྲོན་ཁང་དུ་རྐྱལ་གོས་དང་གཟུགས་བྱད་འགྲན་སྡུར་བྱ་རྒྱུ་དང་། ཕྱི་དྲོར་བོད་ཀྱི་ཟློས་གར་ཚོགས་ཁང་དུ་གདན་འདྲེན་ཞུས་པའི་གཞས་པ་ཚོས་འཁྲབ་སྟོན་དང་། འཛུལ་ཞུགས་པའི་བར་ཕྱི་ལུགས་ཀྱི་གྱོན་ཆས། ཐུན་མིན་བོད་ཀྱི་ཆས་གོས། པར་བྱད་རྫིགས་པོའི་འགྲན་སྡུར་བཅས་བྱ་རྒྱུ་ཡིན་འདུག དེ་བཞིན་ཚེས་༢༧ ཉིན་རིག་རྩལ་འགྲན་སྡུར་དང་། གཟུ་དཔང་པའི་དྲི་བར་ལེན་འདེབས་ཀྱི་འགྲན་བསྡུར་ཡིན་པ་རེད། ཉིན་མཐའ་མ་ཚེས་༢༨ ཉིན་གྲུབ་འབྲས་གསལ་བསྒྲགས་དང་གཞས་སྣ་འཁྲབ་སྟོན་བྱེད་ཀྱི་ཡོད་པ་རེད་འདུག

ཉི་མ། སྐར་མ་མཐུ་སྟོབས། བསྟན་འཛིན་བློ་ལྡན། ཚེ་རིང་ཆོས་འཕེལ། བློ་བཟང་ཆོས་འཕེལ།

སྤྱིར་བཏང་འགྲན་སྡུར་དེར་སྙན་ཞུ་སྤྲད་མཁན་སྐྱེས་པ་༡༧ བྱུང་འདུག་པ་དང་། དེ་དག་ལས་ཆ་རྐྱེན་སོགས་ལ་གཞིགས་ནས་མི་གྲངས་༥ མཐའ་མའི་འགྲན་སྡུར་ནང་འདེམས་སྒྲུག་བྱས་ཡོད་འདུག དེ་དག་ནི་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གྲོང་ཁྱེར་ནས་ཉི་མ་དང་ཚེ་རིང་ཆོས་འཕེལ། བྷིར་གཞིས་ཆགས་ནས་སྐར་མ་མཐུ་སྟོབས། ཧུན་སུར་རབ་རྒྱལ་གླིང་ནས་བསྟན་འཛིན་བློ་ལྡན། དྷ་ས་ནས་བློ་བཟང་ཆོས་འཕེལ་བཅས་རེད་འདུག

འགྲན་སྡུར་དེར་གཟུ་དཔང་པ་བཞི་ཡོད་པ་ལས། ཕྱི་ལོ་༢༠༡༥ ལོའི་འཛམ་གླིང་གི་མཛངས་པ་འགྲན་སྡུར་ཁྲོད་ཐོབ་མཁན་པ་ཝན་ཤེ་ཊི་དང་། རྒྱ་གར་ཤར་ཕྱོགས་ཀྱི་མཛངས་པ་ཐོབ་མཁན་བསྟན་འཛིན་འཇམ་དབྱངས། བྱང་ཨ་རིའི་བོད་ཀྱི་མཛངས་མ་འགྲན་སྡུར་གོ་སྒྲིག་པ་བསོད་ནམས། དེ་བཞིན་བོད་ཀྱི་ཟློས་གར་ནས་སྲོལ་རྒྱུན་གྱི་དགེ་རྒན་ཞིག་བཅས་ཡིན་འདུག

ཐེངས་འདིའི་འགྲན་སྡུར་ནས་ཨང་དང་པོར་བྱ་དགའ་ཧིན་སྒོར་འབུམ་གཅིག་དང་ཁྲི་གཅིག ཨང་གཉིས་པར་ཧིན་སྒོར་ཁྲི་བདུན། ཨང་གསུམ་པར་ཧིན་སྒོར་ཁྲི་བཞི་བཅས་ཐོབ་རྒྱུ་རེད་འདུག

འགྲན་སྡུར་གོ་སྒྲིག་བྱེད་མཁན་བསྟན་འཛིན་བཀྲ་ཤིས་ཀྱིས་གཡག་རྩེད་རིགས་ཚོགས་པ་ནི་རྒྱ་གར་གཞུང་ལ་དེབ་སྐྱེལ་ཡོད་པའི་ཚོགས་པ་ཞིག་ཡིན་པ་དང་། དེ་སྔོན་བོད་ཀྱི་རིག་རྩལ་འགྲན་སྡུར་ཐེངས་དང་པོ་དེ་གོ་སྒྲིག་བྱས་ཡོད་སྐོར་དང་། དེ་བཞིན་རྒྱ་གར་གྱི་ཚོང་ལས་ཁང་ཆེ་ཁག་མང་པོ་ཞིག་མཉམ་དུ་དུས་སྟོན་སོགས་གོ་སྒྲིག་བྱེད་མྱོང་ཡོད་པ། ཐེངས་འདིར་བོད་ཀྱི་མཛངས་པ་འགྲན་སྡུར་གོ་སྒྲིག་བྱེད་དགོས་དོན་ནི་བོད་ཀྱི་རྩ་དོན་ཆེད་དུ་སྡིངས་ཆ་གསར་བསྐྲུན་དང་། གཞོན་སྐྱེས་རྣམས་ལ་གོ་སྐབས་དང་དམིགས་ཡུལ་གསར་པ་བསྐྲུན་ཐབས། དེ་བཞིན་ལུས་སྦྱོང་ལ་སེམས་འགུལ་གཏོང་ཐབས་དང་། འགྲན་སྡུར་དེར་རྒྱལ་ཁ་ལེན་མཁན་ལ་འཛམ་གླིང་མཛངས་པ་འགྲན་བསྡུར་ནང་མཉམ་ཞུགས་ཡོང་ཐབས་བྱ་རྒྱུ་པ་བཅས་ཡིན་སྐོར་འགྲེལ་བརྗོད་བྱས་སོང་། །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 2714

Leave a Reply