དྷ་སར་རང་སྲེག་བཏང་མཁན་དེའི་མིང་དོན་གྲུབ་རེད་འདུག

ཕྱི་ཟླ་༧ པའི་ཚེས་༢༩ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༣ པ་ཙམ་ལ་དྷ་ས་གཙུག་ལག་ཁང་གི་མཐའ་སྐོར་ལམ་དུ་རང་སྲེག་བཏང་ནས་གྲོངས་མཁན་དེའི་མིང་ལ་དོན་གྲུབ་བདེ་ནུབ་དང་། དྷ་སའི་ཉེ་འཁོར་ནོར་གླིང་དུ་བསྡད་ཡོད་འདུག རང་ལོ་༤༩ ཡིན་པ་དང་། ༡༩༩༡ ལོར་བོད་ནས་རྒྱ་གར་དུ་སླེབས་ཡོད་འདུག

ཁོང་གི་མེར་སྲེག་བཏང་ནས་ཕུང་པོ་ཤིང་ནགས་གསེབ་ཏུ་མར་ཟག་ཡོད་པ་ཁག་ཅིག་གིས་མཐོང་རྗེས་གཞོན་ལྷན་དབུས་རྒྱུན་དང་ས་གནས་བདེ་དོན་སོགས་སྐད་བཏང་ཡོད་པ་རེད།  དེར་རྒྱ་གར་ཉེན་རྟོག་པ་དང་བོད་པ་མང་པོ་ཡོང་ནས་ལྟ་ཞིབ་བྱས་ཡོད་ནའང་། སྐབས་དེར་སུ་ཡིན་ཤེས་རྟོགས་ཐུབ་མེད་པ་དང་། ཚིགས་ཤུལ་དུ་འགྱིག་དམ་གྱི་ཁ་བཅད་གཉིས་ཕ་བོང་ཞིག་གི་ཐོག་བཞག་འདུག་ལ། རས་ཁུག་དམར་པོ་ཞིག་ནང་བོད་ཀྱི་རྒྱལ་དར་ཞིག་དང་ཧིན་སྒོར་ཉུང་ངུ་ཞིག་ཡོད་པ་རེད།

སྐབས་དེར་རྨོ་རྨོ་མཐའ་སྐོར་དུ་འགྲོ་མཁན་ཞིག་གིས་རང་སྲེག་དེ་དངོས་སུ་མཐོང་ཡོད་པ་དང་། མོས་འགྲེལ་བརྗོད་བྱས་པ་ལྟར་ན། དང་པོ་དེར་མི་ཞིག་ལངས་འདུག་ལ་༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཅེས་སྐད་འབོད་བྱས་པ་དང་། མེར་སྦར་སོང་། ང་ཞེད་ནས་བྲོས་ཡོང་ཡིན་ལ། མི་གཞན་པར་རང་ལུས་མེར་སྲེག་བཏང་སོང་ལབ་ཡིན་ཞེས་འགྲེལ་བརྗོད་བྱས་ཡོད་པ་དང་། དེ་བཞིན་སྤོ་སྤོ་ཞིག་གིས་དེའི་ཅུང་སྔོན་དེར་མི་ཞིག་གིས་སྐོར་ལམ་དུ་༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་ཞེས་བརྗོད་བཞིན་འགྲོ་ཡི་ཡོད་པ་མཐོང་འདུག

ཟླ་འདིའི་ཚེས་༣༡ ཉིན་ཁོང་སུ་ཡིན་རྩད་གཅོད་ཐུབ་པ་དང་། ནོར་གླིང་ཤིང་བཟོ་སྡེ་ཚན་ནང་ལས་ཀ་བྱེད་ཀྱི་ཡོད་པ་དང་། ཕ་ཡུལ་བོད་རྒྱང་རྩེ་ནས་ཡིན་འདུག བོད་ནས་རྒྱ་གར་དུ་སྐྱབས་བཅོལ་ལ་ཡོང་རྗེས། སུ་ཇཱ་བོད་ཁྱིམ་དུ་འཛིན་རིམ་བཅུ་པ་བར་སློབ་གཉེར་བྱས་ཡོད་འདུག ༢༠༡༢ ལོར་ནོར་གླིང་ཤིང་ཚོན་སྡེ་ཚན་དུ་ལས་ཀ་བྱས་ཡོད་འདུག་ལ། དུས་རྒྱུན་བོད་དོན་ལས་འགུལ་ལ་སེམས་ཤུགས་ཡོད་མཁན་དང་། མི་མང་པོར་འགྲོགས་འདྲིས་མི་བྱེད་མཁན་ཞིག་ཡིན་འདུག

ཕྱི་ཟླ་༧ ཚེས་༣༡ དགོང་མོ་དྷ་ས་མེག་གྷན་དུ་མི་མང་གིས་མར་མེའི་ཁྲོམ་སྐོར་བྱས་པ་དང་། ཟླ་འདིའི་ཚེས་༢ ཉིན་མྱ་ངན་རྗེས་དྲན་ཚོགས་རྗེས་ཕུང་པོ་དུར་ཁྲོད་དུ་སྐྱེལ་རྒྱུ་ཡིན་འདུག་ལ། ཁོང་ལ་དམིགས་བསལ་ནང་མི་མེད་པས། གཞོན་ལྷན་དང་ནོར་གླིང་བདེ་དོན་ནས་དུར་འཇུག་དང་བསྔོ་སྨོན་འཚོག་རྒྱུ་སོགས་ལ་འགན་གཙོ་བོ་བླངས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 617

Leave a Reply