དྷ་སར་སྨད་ཚོང་དང་འབྲེལ་བའི་མི་བཞི་འཛིན་བཟུང་།

ཀང་ར་རྫོང་གི་ཉེན་རྟོག་པས་དེ་སྔོན་དྷ་ས་མེག་གྷན་དུ་ཁྲིམས་འགལ་གྱི་སྨད་ཚོང་ལས་ཀ་བྱེད་མཁན་འཛིན་བཟུང་བྱས་པ་དང་འབྲེལ་ནས། སླར་ཡང་མི་བཞི་ཧི་མ་ཅཱལ་མངའ་སྡེའི་མ་ནཱ་ལིའི་ཁུལ་ནས་འཛིན་བཟུང་བྱས་ཡོད་འདུག
ཟླ་༣ པའི་ཚེས་༢༢ ཉིན་གྱི་དགོང་མོར་དྷ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་སྒེར་གྱི་མགྲོན་ཁང་ཞིག་ཏུ་ཉེན་རྟོག་པས་གློ་བུར་ཞིབ་བཤེར་བྱས་ཏེ། ཁྲིམས་འགལ་གྱི་སྨད་ཚོང་གི་ལས་ཀ་བྱེད་མཁན་མི་བཞི་འཛིན་བཟུང་བྱས་ཡོད་པ་དང་། དེ་བཞིན་བཙན་དབང་ཐོག་སྨད་ཚོང་གི་ལས་ཀ་བྱེད་འཇུག་པའི་བུད་མེད་༦ ཉེན་སྐྱོབ་བྱས་ཐུབ་ཡོད་པ་རེད། སྐབས་དེར་ཀང་ར་རྫོང་གི་ཉེན་རྟོག་སྤྱི་ཁྱབ་པས། གནད་དོན་དེ་དང་འབྲེལ་ནས་ད་དུང་མི་༡༠ འཛིན་བཟུང་བྱེད་སྲིད་སྐོར་བརྗོད་ཡོད་པ་རེད།
ཟླ་འདིའི་ཚེས་༥ ཉིན་གྱི་རྒྱ་གར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་འདིའི་ཚེས་༤ ཉིན་མེག་གྷན་དུ་ཁྲིམས་འགལ་གྱི་སྨད་ཚོང་ལས་ཀའི་གནད་དོན་དང་འབྲེལ་ནས། ཀང་ར་རྫོང་གི་ཉེན་རྟོག་པས་ཧི་མ་ཅཱལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་མང་ཤོས་ཡོང་ས་མ་ནཱ་ལི་ཁུལ་ནས། གླ་འཁོར་གཏོང་མཁན་སྐྱེས་པ་གཉིས་དང་བུད་མེད་གཉིས་འཛིན་བཟུང་བྱས་ཡོད་འདུག བུད་མེད་གཉིས་པོ་ལོ་ན་༢༠ དང་༢༨ བར་ཡིན་པ་དང་། དེ་གཉིས་ཀྱིས་གླ་འཁོར་གཏོང་མཁན་དང་མཉམ་ལས་ཐོག་ཁྲིམས་འགལ་གྱི་སྨད་ཚོང་གི་ལས་ཀ་བཀོལ་སྤྱོད་བྱེད་ཀྱི་ཡོད་པའི་དོགས་གཞིའི་འོགའཛིན་བཟུང་བྱས་ཡོད་འདུག དེ་བཞིན་མི་༤ པོ་དེ་དག་དང་མཉམ་དུ། བཙན་དབང་ཐོག་ནས་སྨད་ཚོང་གི་ལས་ཀ་བྱེད་བཅུག་པའི་རྒྱ་གར་གྱི་ཡུ་པི་མངའ་སྡེ་ནས་ཡིན་པའི་བུད་མེད་རང་ལོ་༢༢ ཡིན་པ་ཞིག་ཉེན་སྐྱོབ་བྱེད་ཐུབ་ཡོད་འདུག
ཉེན་རྟོག་པས་ཁྲིམས་འགལ་གྱི་ལས་ཀ་དེ་སྟངས་འཛིན་བྱེད་མཁན་གཙོ་བོ་ནི་པན་ཇབ་མངའ་སྡེའི་ཨམ་རི་སར་གནས་སྡོད་བྱེད་མཁན་ཞིག་ཡིན་པར་དོགས་པ་བྱེད་ཀྱི་ཡོད་པ་དང་། ད་ལྟའི་ཆར་དོ་བདག་དེ་བྲོས་བྱོལ་ཕྱིན་ཡོད་པས། ཉེན་རྟོག་པས་ཁོའི་ཁང་པར་ཞིབ་བཤེར་བྱས་ཏེ་གློག་ཆས་སོགས་ཁྱེར་ནས་བརྟག་དཔྱད་བྱས་པ་བརྒྱུད། ཁྲིམས་འགལ་གྱི་སྨད་ཚོང་ལས་ཀ་དྲ་ཐོག་ནས་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག བུད་མེད་དེ་ཚོ་པ་ཊན་ཀོ་ཀྲེ་སོགས་ཉེ་འཁོར་གྱི་ས་གནས་སུ་བཞག་ནས། དྲ་ཐོག་ནས་སྔོན་མངགས་བྱེད་མཁན་ཚོ་ལ་སྐྱེལ་ལེན་བྱེད་ཀྱི་ཡོད་འདུག
ཉེན་རྟོག་སྤྱི་ཁྱབ་པས་གནད་དོན་དེར་རྟོག་ཞིབ་བྱེད་བཞིན་པ་ཡོད་པས། དོགས་ཡོད་མི་སྣ་དེ་འཛིན་བཟུང་ཐུབ་སྲིད་སྐོར་བརྗོད་ཡོད་འདུག
རྒྱ་གར་ནང་དུ་བལ་ཡུལ་དང་རྒྱལ་ནང་གི་དབུལ་ཕོང་ས་གནས་ཁག་ལས། བུད་མེད་ཉོ་ཚོང་བྱས་ཏེ་དོ་བདག་དེར་བཙན་དབང་ཐོག་ནས་སྨད་ཚོང་ལས་ཀ་བྱེད་བཅུག་པའི་གནས་ཚུལ་ཤིན་ཏུ་མང་པོ་ཡོད་པ་དང་། དེ་བཞིན་ཉེ་བའི་ཆར་བུད་མེད་ཕྲུ་གུ་ལོ་ཆུང་ཉོ་ཚོང་གི་གནས་ཚུལ་མང་དུ་འགྲོ་བཞིན་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 348

Leave a Reply