དྷ་སྟེང་བོད་ཁྱིམ་དབུ་བརྙེས་ནས་ལོ་ངོ་༥༧ འཁོར་བའི་དུས་ཆེན།

 

ད་བར་བོད་ཁྱིམ་ཁོངས་གཏོགས་ཀྱི་སློབ་གྲྭ་ཁག་༢༩ ནང་ཁྱོན་སློབ་མ་༥༠,༡༣༢ སློབ་འཇུག་བྱས་ཡོད་པ་དང་། ད་ལྟ་སྔོན་འགྲོ་འཛིན་གྲྭ་ནས་འཛིན་རིམ་བཅུ་གཉིས་བར་སློབ་གཉེར་བྱེད་བཞིན་པའི་སློབ་མ་༨༧༣༥ དང་། མཐོ་རིམ་སློབ་མ་༡༨༨༣ ལས་བྱེད་༡༣༧༦ རྒས་འཁོགས་༥༤༠ བཅས་ཁྱོན་མི་གྲངས་༡༢,༥༣༤ཡོད་འདུག

ཟླ་འདིའི་ཕྱི་ཚེས་༢༣ ཉིན་གྱི་སྔ་དྲོར་དྷ་སྟེང་བོད་ཁྱིམ་དབུ་བརྙེས་ནས་ལོ་ངོ་༥༧ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཞིག་སློབ་གྲྭ་དེ་གར་འཚོགས་སོང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གཉིས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་སྦྱིན་བདག་རྣམས་དང་སྐུ་མགྲོན་རྣམ་པ།  སློབ་ཕྲུག་རྣམས་དང་དྷ་སའི་ཁུལ་གྱི་སེར་སྐྱ་མང་ཚོགས་ཧ་ཅང་མང་པོ་བཅས་འཛོམས་འདུག

མཛད་སྒོའི་ཐོག་མར་སློབ་ཕྲུག་རྣམས་ཀྱིས་རུ་སྒྲིག་དང་བོད་རྒྱལ་ཁབ་ཀྱི་ཆེད་དུ་གཅེས་པའི་ལུས་སྲོག་བློས་གཏོང་གནང་མཁན་རྣམས་ལ་རྗེས་དྲན་གུས་འདུད་དང་ཧིན་བོད་གཉིས་ཀྱི་རྒྱལ་གླུ་བླངས་གྲུབ་མཚམས་སུ། བོད་ཁྱིམ་སྤྱི་ཁྱབ་གཙོ་འཛིན་ཐུབ་བསྟན་རྡོ་རྗེས་ལས་བསྡོམས་སྙན་སྒྲོན་ཞུས་སོང་། སྐབས་དེར་ཁོང་གིས་ད་ལྟ་བོད་ཁྱིམ་གྱི་ཁོངས་སུ་ཁྱོན་བསྡོམས་སློབ་གྲྭ་ཆེ་ཆུང་ཁག་༢༩ ཡོད་པ་དང་། དེ་དག་གི་ནང་ད་བར་སློབ་མ་༥༠,༡༣༢ སློབ་འཇུག་བྱས་ཡོད་ཅིང་། ད་ཆར་སྔོན་འགྲོ་འཛིན་གྲྭ་ནས་འཛིན་རིམ་བཅུ་གཉིས་བར་སློབ་གཉེར་བྱེད་བཞིན་པའི་སློབ་མ་༨༧༣༥ དང་། མཐོ་རིམ་སློབ་མ་༡༨༨༣ ལས་བྱེད་༡༣༧༦ རྒས་འཁོགས་༥༤༠ བཅས་ཁྱོན་མི་གྲངས་༡༢,༥༣༤ ལ་ལྟ་སྐྱོང་གནང་མུས་ཡིན་ཞེས་དང་  དེ་བཞིན་འདི་ལོ་བོད་ཁྱིམ་འཛིན་རིམ་བཅུ་གཉིས་སློབ་ཁག་ནས་སུ་ཇཱ་དང་སེ་ལ་ཀུའི་བོད་ཁྱིམ་གཉིས་རྒྱུགས་འཕྲོད་བརྒྱ་ཆ་༡༠༠ སོན་ཡོད་པ་དང་། སློབ་མ་༧ ལ་དགའ་ལྡན་ཕོ་བྲང་གི་གཟེངས་རྟགས་ཐོབ་ཡོད་སྐོར་གསུངས་སོང་ལ། གཞན་ཡང་སློབ་ཁྲིད་ཐབས་ལམ་དང་། རིགས་ལམ་སྦྱོང་བརྡར། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ལས་འགུལ། ཟུར་སྦྱོང་རིག་གནས་སོགས་ཤེས་ཡོན་སློབ་གསོའི་ལས་དོན་གྱི་སྐོར་སོགས་གསུངས་སོང་།

དེ་རྗེས་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེས་གསུང་བཤད་གནང་སྐབས། ཁོང་གིས་“གཙོ་ཆེ་ཤོས་༧གོང་ས་མཆོག་གི་བཀའ་དགོངས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་གཞིར་བཟུང་ཤར་བསྐྱོད་བྱེད་ཀྱི་ཡིན་ཞེས་ལས་བསྡོམས་ནང་གསལ་པོ་བཀོད་པ་དེ་ལ་བཀའ་ཤག་གི་ཚབ་བྱས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་”ཞེས་དང་། “དེ་རིང་གི་དུས་ཆེན་གྱི་མཛད་སྒོའི་བརྗོད་གཞི་དེ་ཡང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གཙོ་བོ་བྱམས་སྙིང་རྗེ་བཞག་པ་དེ་དུས་ལ་རན་པ་དང་། ༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་བརྗོད་གཞི་གཏན་འཁེལ་བ་འདི་ཧ་ཅང་ཡག་པོ་བྱུང་འདུག་” ཅེས་བརྗོད་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སྐོར་ལ་བོད་ཀྱི་སྤྱི་ཚོགས་ནང་གོ་རྟོགས་སྤེལ་རྒྱུ་འཕྱི་མེད་ན་སྔ་དྲགས་པ་མིན་སྐོར་དང་དེའི་གལ་གནད་ཀྱི་སྐོར། དེ་བཞིན་༧གོང་ས་མཆོག་གི་སྐུ་དྲིན་ལས་བཙན་བྱོལ་སྒྲིག་འཛུགས་ནང་མང་གཙོ་ལག་བསྟར་ཐུབ་པ་བྱུང་སྟེ། སྤྱི་ཡོངས་ནས་མང་ཚོགས་ཀྱིས་མང་གཙོའི་ཆ་ཤས་ལེན་ཚད་དེ་གོང་མཐོར་འགྲོ་ཡི་ཡོད་སྐོར་དང་དེ་ངོམས་སུ་ཆོག་པ་ཞིག་ཡིན་སྐོར།དེ་བཞིན་ཁོང་གིས་“ང་ཚོའི་སྤྱི་ཚོགས་ནང་ལ་རྙོག་དྲ་ཡང་ཏོག་ཙམ་ཡོང་གི་ཡོད་རེད། རྙོག་དྲ་དེ་ག་རེ་རེད་བལྟས་ཡོང་དུས་འོས་བསྡུའི་ནང་ཆ་ཤས་ལེན་མཁན་མང་དུ་ཕྱིན་ནས་མི་མང་ཕལ་ཆེ་བ་དེ་ཧ་ཅང་ཡག་པོ་དང་།  ལྷག་བསམ་རྣམ་དག ༧གོང་ས་མཆོག་གི་བཀའ་དགོངས་དང་བོད་མིའི་སྒྲིག་འཛུགས་ཀྱི་ལང་ཕྱོགས་གཞིར་བཟུང་ཕྱག་ལས་གནང་མཁན་དང་ཆ་ཤས་ལེན་མཁན་ཆགས་འདུག་ཀྱང་།  ད་ཉུང་ཤས་ཤིག་གིས་གཞན་ལས་རང་གཅེས་བྱས་ནས་ཁྱོད་རང་གི་ཆོལ་ཁ་ལས་ངའི་ཆོལ་ཁ་གལ་ཆེ་བ་རེད། ཁྱོད་རང་གི་འོས་མི་ལས་ངའི་འོས་མི་གལ་ཆེ་བ་རེད། ཁྱོད་རང་གི་ཕྱོགས་གཏོགས་ལས་ངའི་ཕྱོགས་གཏོགས་གལ་ཆེ་བ་རེད་ཟེར་ནས་སྤྱི་ཚོགས་ནང་ལ་གླེང་སློང་བྱས་ནས་རྙོག་དྲ་བཟོ་ཐབས་བྱེད་ཀྱི་ཡོད་དུས་དེར་མི་མང་ཚང་མས་དོན་ཟོན་བྱ་རྒྱུ་དཔེ་གལ་ཆེན་པོ་རེད།”ཅེས་དང་།“སྤྱི་ཚོགས་ནང་ལ་ཆོལ་ཁའི་སྐྲན་ནད་དེ་སློང་ཐབས་བྱེད་ཀྱི་ཡོད་སྟབས་དེར་མི་མང་ཚོས་དོ་སྣང་བྱ་དགོས་རེད། སྤྱང་གྲུང་ལྡན་པ་བྱས་ན་མ་གཏོགས་ཁ་ལ་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་འཁྱེར་ནས། གནང་རྒྱུ་༧གོང་ས་མཆོག་ལ་མཛད་དཀའ་བཟོ་གཞི་དང་སྤྱི་ཚོགས་ལ་བརྡབ་གསིག་གཏོང་གཞིའི་བཀའ་མོལ་གླེང་དུས་མི་མང་ཚང་མས་སྤྱང་གྲུང་ལྡན་པ་བྱ་རྒྱུ་དཔེ་གལ་ཆེན་པོ་རེད།”ཅེས་དང་།“སློབ་གྲྭ་ཁག་ཏུ་ཡིན་ན་ཡང་། རྒྱ་གར་ཚོས་སླབ་གྲྭ་དགོན་པ་རེད་ཅེས་ཟེར་སྲོལ་ཡོད་པ་བཞིན། གཙང་མ་དང་སྤུས་དག་པོ་འདིའི་ནང་ལ་རྫོར་པོ་བཟོ་རྒྱུ་ཡོད་མ་རེད་ཟེར་གྱི་ཡོད་རེད། ད་དེང་སང་ཡང་ཆོལ་ཁའི་སྐྲན་ནད་དེ་སློབ་གྲྭ་ཁག་ནང་ལ་སླེབས་ཡོང་གི་ཡོད་པའི་བཟོ་འདྲ་འདུག སློབ་གྲྭའི་དགེ་རྒན་ལས་བྱེད་དབུས་པའི་ཁོང་རང་ཚོས་ཆབ་སྲིད་འཁྲབ་མི་དགོས་པ་དེ་འཁྲབ་ནས་སློབ་ཕྲུག་ནང་ལ་ཡིན་ན་ཡང་བརྡབ་གསིག་ཏོག་ཙམ་འགྲོ་ཡི་ཡོད་པའི་རྣམ་པ་འདུག དེ་ལ་ཡང་དོག་ཟོན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།” ཅེས་དང་དེ་དང་འབྲེལ་ནས་དགེ་ལས་ཚོས་སློབ་ཕྲུག་རྣམས་ལ་བསླབ་བྱ་རྒྱག་སྐབས་དྲང་པོ་བྱ་རྒྱུ་གལ་ཆེ་སྐོར་དང་ཕྱོགས་ཤས་བྱེད་མི་རུང་བའི་སྐོར་སོགས་ལ་ཟབ་རྒྱས་གསུངས་སོང་།

དེ་རྗེས་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་སྤྱི་འཐུས་ཀྱི་གསུང་བཤད་གནང་སྐབས་སུ། སྤྱིར་བཙན་བྱོལ་བོད་མིའི་བརྒྱུད་རིམ་དང་སྦྲགས་ནས་བོད་ཕྲུག་ཁྱིམ་སྡེའི་ཐོག་མའི་བརྒྱུད་རིམ་དང་། མི་རབས་གོང་མ་རྣམས་ལ་ཐུགས་རྗེ་ཆེ་ཞུ། ད་བར་དུ་བོད་ཕྲུག་ཁྱིམ་སྡེ་ནས་ན་གཞོན་ཧ་ཅང་མང་པོས་སློབ་སྦྱོང་ལེགས་པར་ཐོན་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ནང་ལས་རིགས་འདྲ་མིན་ནང་ཞུགས་ཏེ། བོད་མིའི་བདེན་དོན་འཐབ་རྩོད་དང་། ཐུན་མིན་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་སོགས་ཀྱི་ཐད་ལ་ཞབས་འདེགས་ཞུས་དང་ཞུ་མུས་ཡིན་པ་ནི་བོད་ཕྲུག་ཁྱིམ་སྡེའི་རླབས་ཆེན་གྱི་གྲུབ་འབྲས་ཤིག་ཡིན་པ། རང་དབང་ལུང་པ་ན་ཡོད་མཁན་ཚོས་བོད་ཀྱི་ཆོས་རིག་དང་། སྐད་ཡིག་བཅས་ཀྱི་ཐོག་ལ་འབད་བརྩོན་ལྷོད་མེད་གནང་རྒྱུ་གལ་ཆེ་སྐོར། དེ་བཞིན་ཁོང་གིས་“བོད་ཕྲུག་ཁྱིམ་སྡེ་ནས་གཞི་རིམ་བོད་མིའི་ཤེས་ཡོན་སྲིད་ཇུས་ལག་བསྟར་གནང་བཞིན་ཡོད་པ་ནི་བོད་ཕྲུག་རྣམས་ཀྱི་ཤེས་ཡོན་ཐོག་བོད་ཀྱི་སྐད་ཡིག་གི་ཤེས་ཡོན་རྣམས་ངེས་པར་དུ་ཡོད་དགོས་པས། མ་འོངས་པར་བོད་ཁྱིམ་དབུ་ལས་རྣམ་པས་གཞི་རིམ་བོད་མིའི་ཤེས་ཡོན་སྲིད་ཇུས་འདི་ཉིད་ཁྱབ་ཁོངས་སློབ་གྲྭ་ཁག་གི་ནང་ལག་བསྟར་དམིགས་དཔེར་འོས་པ་གནང་རྒྱུའི་གསལ་འདེབས་ནན་པོ་ཞུ་རྒྱུ་དང་། དེ་དང་ཆབ་ཅིག་བོད་ཁྱིམ་ལག་ཤེས་སློབ་གྲྭ་(VTC)ཞེས་པ་དེ་ཉིད་ཕྱི་ལོ་༢༠༡༦ ལོའི་ཕྱི་ཟླ་༤ པ་ནས་བཟུང་རྒྱ་གར་རྒྱལ་ཡོངས་ནས་ངོས་འཛིན་ཐོག་བོད་ཁྱིམ་ལས་རིགས་སློབ་གཉེར་བསྟི་གནས་ཁང་(ITI)ཞེས་པར་ངོས་སྦྱོར་ཐོབ་ཡོད་པ་བཅས་ལ་ཐེངས་འདིར་ལེགས་གསོ་དང་བསྔགས་བརྗོད་ཞུ་རྒྱུ་ཡིན་”ཞེས་དང་།  “དེང་སྐབས་བོད་ཁྱིམ་སློབ་གྲྭ་ཁག་དང་། ཤེས་རིག་ཁྱབ་ཁོངས་སློབ་གྲྭ་གཞན་ཁག་ནང་སློབ་ཕྲུག་གི་གྲངས་ཚད་ཇེ་ཉུང་འགྲོ་བཞིན་པར་ཁ་གསབ་བྱ་ཐབས་སམ། ཟླ་བསྒྲིལ་གྱིས་བོད་ཕྲུག་རྣམས་ཀྱི་ཤེས་ཡོན་ཐོག་སྤུས་ཚད་གོང་མཐོར་ཡོང་ཐབས་དང་འཛིན་སྐྱོང་ཚགས་ཚུད་ཡོང་རྒྱུར་འབད་བརྩོན་གནང་དགོས་པ་ནི་དུས་ཀྱི་དགོས་མཁོར་མཐོང་གི་ཡོད། དེ་བཞིན་སློབ་ཕྲུག་རྣམས་ཀྱི་ལུས་སེམས་འཚར་ལོང་བདེ་སྐྱེད་ཡོང་ཆེད་གཙང་སྦྲ་འཕྲོད་བསྟེན་གང་ལེགས་གནང་དགོས་པ་མ་ཟད། མྱོས་རྫས་ངན་གོམས་དང་ནད་རིགས་སྔོན་འགོག་གི་ལས་འཆར་བཅས་ལ་ཐུགས་སྣང་ཆེར་སྐྱེད་དང་། ཟས་བཅུད་དང་འབྲེལ་ཡོད་རྣམས་ཀྱི་དམིགས་བསལ་ཐུགས་སྣང་ཚད་ལྡན་ཡོང་ཐབས་བཅས་གནང་དགོས།”ཞེས་སོགས་གསུངས་སོང་།

གཞན་ཡང་མཛད་སྒོའི་སྐབས་བོད་ཁྱིམ་དུ་ལས་ཀ་བྱས་ནས་ལོ་༢༠ སོན་པའི་དགེ་ལས་༣༢ ལ་གཟེངས་བསྟོད་དང་། འདི་ལོའི་འཛིན་རིམ་བཅུ་གཉིས་ནང་སློབ་ཚན་ཁྱོན་ཡོངས་ནས་རྩེ་ཕུད་སོན་པ་རྣམས་དང་། བོད་ཡིག་ཐོག་ཡང་རྩེར་སོན་པ་གསུམ། དེ་བཞིན་དྷ་སྟེང་བོད་ཁྱིམ་གྱི་སྤྱི་ཁྱབ་འགན་བདག་གཉིས་བཅས་ལ་གཟེངས་རྟགས་གནང་སོང་། དེ་བཞིན་དམའ་རིམ་འཛིན་གྲྭ་དང་འཛིན་གྲྭ་བཅུ་པ་དང་བཅུག་གཅིག་གི་སློབ་ཕྲུག་ཚོས་མཉམ་གཞས་དང་འཁྲབ་གཞས་ཁག་ཅིག་གྲུབ་རྗེས། མཇུག་ཏུ་དྷ་སྟེང་བོད་ཁྱིམ་གྱི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་བྱས་རྗེས་མཛད་སྒོ་གྲོལ་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 200

Leave a Reply