ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་དབྱིན་སྒྱུར་དཔེ་དེབ་དབུ་འབྱེད།

ཟླ་འདིའི་ཚེས་༧ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་དང་རྒྱ་གར་བྷེ་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་ Nitish Kumar རྣམ་གཉིས་གནས་མཆོག་རྡོ་རྗེ་གདན་གྱི་གསུང་ཆོས་ར་བའི་ནང་མཇལ་འཕྲད་མཛད་པ་དང་། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་དཔེ་དེབ་དབྱིན་སྒྱུར་ཞུས་པ་པོད་ཕྲེང་དང་པོ་དབུ་འབྱེད་མཛད་ཡོད་པ་རེད།

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ༸སྐུའི་གསུང་སྒྱུར་དགེ་བཤེས་གླང་རི་བ་ཐུབ་བསྟན་སྦྱིན་པས་དཔེ་དེབ་ངོ་སྤྲོད་ཀྱི་གཏམ་བཤད་གནང་བ་དང་།   དཔེ་དེབ་དེ་ནི་༸གོང་ས་མཆོག་གི་དགོངས་བཞེད་དང་བཀའ་སློབ་ལམ་སྟོན་འོག  མཁས་པ་དགེ་བཤེས་ཁག་གཅིག་གིས་ལོ་མང་པོར་ངལ་བ་བསྟེན་ཏེ་ཆེད་དུ་བསྒྲིགས་པ་ཞིག་ཆགས་ཡིན་པ་དང་། ཀུན་བཏུས་ཀྱི་པོད་ཕྲེང་དེ་ལ་གླེགས་བམ་བཞི་ཡོད་ཅིང་། ཚན་རིག་གི་སྐོར་ལ་ཕྱི་གཟུགས་ཅན་གྱི་སྐོར་དང་། ནང་སེམས་ཀྱི་རྣམ་གཞག་གི་སྐོར་བཅས་སོ་སོར་པོད་རེ་བྱས་ནས་པོད་གཉིས་དང་། དེ་ནས་ལྟ་གྲུབ་རིག་པའི་སྐོར་ལ་པོད་གཉིས་བཅས་ཡོད་པས། ཚན་རིག་ཀུན་བཏུས་ཀྱི་པོད་དང་པོའི་དབྱིན་སྒྱུར་དབུ་འབྱེད་ཞུས་ཡོད་པ་རེད།

གླང་རི་བ་ཐུབ་བསྟན་སྦྱིན་པས་འགྲེལ་བརྗོད་གནང་དོན། “༸གོང་ས་མཆོག་གི་དགོངས་བཞེད་བླ་ན་མེད་པར། འཕགས་ཡུལ་གྱི་ནང་པའི་གཞུང་རྣམས་ཀྱི་བརྗོད་བྱ་ལ། གཞི་དངོས་པོའི་རྣམ་གཞག་གམ་ཚན་རིག་དང་། ལྟ་གྲུབ། ཆོས་ཀྱི་ལག་ལེན་བཅས་གསུམ་དུ་དབྱེར་རུང་བ་དང་། དེའི་ཐོག་ནས་ཚན་རིག་དང་ལྟ་གྲུབ་ཀྱི་རྣམ་གཞག་གཉིས་ཟུར་དུ་བཏོན་ཞིག་ཡིན་པ་རེད།  གླེགས་བམ་ལོགས་སུ་བསྒྲིགས་ཐུབ་པ་བྱུང་བ་དེ་ནི། ནང་པ་སངས་རྒྱས་པའི་བསྟན་པ་འཇིག་རྟེན་འདིར་དར་ནས་མི་ལོ་ཉི་སྟོང་ལྔ་བརྒྱ་ལྷག་སོང་བའི་ལོ་རྒྱུས་རིང་པོ་དེའི་ནང་གསར་གཏོད་ཀྱི་མཛད་རྗེས་ཤིན་ཏུ་ཆེན་པོ་ཞིག་ཏུ་གྱུར་ཡོད། དེའི་རྐྱེན་གྱིས། གཅིག་ནས་དེང་འཛམ་གླིང་ས་གནས་མང་པོར། རང་ཉིད་ནང་པ་ཡིན་མིན་དང་། ནང་ཆོས་ལ་དད་པ་ཡོད་མིན་ལ་མ་ལྟོས་པར། ཤེས་བྱའི་འདུ་ཤེས་ཀྱི་སྟེང་ནས་སྔོན་གྱི་ནང་པའི་སློབ་དཔོན་ཆེན་པོ་མགོན་པོ་ཀླུ་སྒྲུབ་ཡབ་སྲས་དང་། ཐོགས་མེད་སྐུ་མཆེད། ཕྱོགས་གླང་ཡབ་སྲས་ལྟ་བུའི་བཞེད་པ་རྣམས། དེང་རབས་ཀྱི་ཚན་རིག་དང་ལྟ་གྲུབ་རིག་པའི་ལམ་ནས་རྟོག་ཞིབ་བྱ་རྒྱུ་ཡོད་པ་དང་། དེ་དག་གི་གཞུང་གི་ཆ་ཤས་ཁག་ཅིག་དངོས་སུ་ཀློག་ཐུབ་པ། དེ་བཞིན་དུ་མཁས་པ་དེ་རྣམས་ཀྱིས་བཀོད་པའི་རིགས་པ་ཕྲ་མོའི་གནད་རྣམས་ཀྱི་རོ་བཅུད་སོ་སོས་མྱོང་རྒྱུ་ཡོད་པ་བཅས་ཀྱི་གོ་སྐབས་ཕུལ་ཐུབ་པ་བྱུང་ཡོད་”ཅེས་འགྲེལ་བརྗོད་གནང་འདུག

ཁོང་གིས་མུ་མཐུད་འགྲེལ་བརྗོད་གནང་དོན། “གཉིས་ནས། འཕགས་ཡུལ་གྱི་སློབ་དཔོན་མཁས་པའི་དབང་པོ་དེ་རྣམས་ཀྱིས། ཚན་རིག་གི་གནད་དཔེར་ན། ཆེ་ས་སྣོད་བཅུད་ཀྱི་འཇིག་རྟེན་ཆགས་ཚུལ་ནས་ཆུང་བ་གཟུགས་ཅན་གྱི་ཆོས་ཀྱི་རྩོམ་གཞིའི་རྡུལ་ཕྲན་གྱི་བར་དང་། དེ་བཞིན་དུ་ཐོག་མར་མངལ་དུ་ཉིང་མཚམས་སྦྱོར་ཚུལ་ནས་མཐར་འཆི་བའི་རིམ་པའི་སྐབས་ཀྱི་རྣམ་ཤེས་དང་རླུང་ཕྲ་རགས་ཐིམ་ཚུལ་གྱི་བར་དང་། གཞན་ཡང་དུས་ཀྱི་ངོ་བོ་དང་། དུས་ཀྱི་ཐུང་མཐའ། འཇལ་བྱེད་ཚད་ཀྱི་རྣམ་གཞག  ཁྱད་པར་དུ་ནང་སེམས་ཁམས་རིག་པའི་སྐོར་ལ་བློ་ཡུལ་ལ་འཇུག་ཚུལ་དང་། ཆགས་སྡང་སོགས་མྱོང་ཚོར་གྱི་ངོ་བོ་དང་བྱེད་ལས།  དེ་དག་ལ་བཏང་འཛིན་བྱ་ཚུལ་སོགས་ལ།  ནང་པའི་གཞུང་དུ་བཤད་པ་གཏིང་ཟབ་ཅིང་ཤིན་ཏུ་ཞིབ་ཚགས་པོ་ཡོད་པ་རྣམས།  ཀུན་བཏུས་ཀྱི་པོད་ཕྲེང་འདིའི་བརྒྱུད་ནས་རྒྱལ་སྤྱིའི་མཁས་པ་སྤྱི་དང་ལྷག་པར་ཚན་རིག་པ་རྣམས་ལས་བློ་སྐྱེས་ལེན་པའི་ཡིག་མཛོད་ཤིན་ཏུ་གལ་ཆེན་ཞིག་བསྐྲུན་ཐུབ་པ་བྱུང་ཡོད། གསུམ་ནས། ཀུན་བཏུས་ཀྱི་པོད་ཕྲེང་འདིའི་ནང་ནང་པའི་ཚན་རིག་དང་ལྟ་གྲུབ་ཀྱི་སྐོར་ལ་ཕྱོགས་བསྒྲིགས་ཞུས་པ་མཐའ་དག རང་རེའི་བཀའ་བསྟན་སྤྱི་དང་ལྷག་པར་བསྟན་འགྱུར་ནས་བཏུས་པ་འབའ་ཞིག་ཡིན་པར་ བརྟེན། ཀུན་བཏུས་ཀྱི་པོད་ཕྲེང་བསྒྲིགས་པ་དེས་རང་ཅག་བོད་མི་རིགས་དང་བོད་ཀྱི་རིག་གཞུང་གཉིས་ཀྱི་ཐོག་ནས་རྒྱ་གར་དང་འཛམ་གླིང་ཡོངས་ལ་སྐྱེས་བཟང་པོ་ཞིག་ཕུལ་ཐུབ་པ་བྱུང་ཡོད་པའང་ངོས་འཛིན་ཞུ་གི་ཡོད་”ཅེས་འགྲེལ་བརྗོད་གནང་འདུག

པོད་དང་པོ་གཉིས་ཀྱི་རྒྱ་སྐད་ཐོན་ཟིན་ལ། ཧིན་དི་ནང་ལོ་འདིར་ཐོན་རྒྱུ་དང་། དེ་བཞིན་དུ་འཛམ་གླིང་གི་སྐད་ཡིག་ཆེ་ཁག་གཞན་གྱི་ནང་དུའང་བསྒྱུར་བཞིན་ཡོད་པ་རེད།

ཀུན་བཏུས་པོད་ཕྲེང་འདིའི་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་རྣམ་གྲ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་དང་། རྩོམ་སྒྲིག་འགན་འཛིན་དགེ་བཤེས་ཡང་སྟེང་རིན་པོ་ཆེ། དགེ་བཤེས་ཐུབ་བསྟན་དཔལ་བཟང་། རྣམ་གྲ་དགེ་སློང་ཐུབ་བསྟན་ཡར་འཕེལ། རྩོམ་སྒྲིག་པ་དངོས། དགེ་བཤེས་བྱང་ཆུབ་སངས་རྒྱས། དགེ་བཤེས་ངག་དབང་སངས་རྒྱས། དགེ་བཤེས་དཔྱི་ས་དྲུང་ཆེན་སྤྲུལ་སྐུ། དགེ་བཤེས་བློ་བཟང་མཁས་མཆོག་བཅས་ཡིན་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Print Friendly, PDF & Email
Share on Facebook28Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 157

Leave a Reply