ནཱ་ལེནྡྲ་རུ་རྒྱལ་སྤྱིའི་ནང་པའི་བགྲོ་གླེང་ཚོགས་འདུ་འཚོགས་རྒྱུ།

ཟླ་འདིའི་ཕྱི་ཚེས་༦ ཉིན་རྒྱ་གར་ཧིན་རྡུ་སི་ཐན་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༧ ནས་འགོ་འཛུགས་ཀྱིས་ཉིན་༣ རིང་དཔལ་ནཱ་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་གི་ན་ཝ་ནཱ་ལེན་དྲ་མ་ཧ་ཝི་ཧ་ར་ལ་རྒྱལ་སྤྱིའི་ནང་པའི་བགྲོ་གླེང་ཞིག་འཚོགས་རྒྱུ་ཡིན་པ་དང་། དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ། ཨ་རིའི་གློག་བརྙན་འཁྲབ་སྟོན་པ་དང་འགྲོ་བ་མིའི་རིགས་ཀྱི་བདེ་སྡུག་གི་ལས་འགུལ་བ་རི་ཅེར་ཌི་གྷེར་བཅས་ཕེབས་རྒྱུ་ཡིན་འདུག

བགྲོ་གླེང་ཚོགས་འདུ་དེའི་དམིགས་ཡུལ་ནི། གོ་ལ་ཁྱོན་ཡོངས་ཀྱི་རྩོད་རྙོག་དང་དཀའ་ངལ་སེལ་ཐབས། ཞི་བདེ་སྐྲུན་ཐབས་ཀྱི་སྐོར་ལ་ལྟ་ཚུལ་དང་ཐབས་ལམ་ག་འདྲ་ཡོད་མེད་དང་།  ཁོར་ཡུག་སྲུང་སྐྱོབ་དང་རང་བྱུང་ཐོན་ཁུངས་ཉར་ཚགས་བྱེད་ཚུལ། དེ་བཞིན་ནང་ཆོས་ཀྱི་ལྟ་ཚུལ། ནང་ཆོས་དང་བུད་མེད་སོགས་ཀྱི་བརྗོད་གཞི་འདྲ་མིན་ཐོག་ལ་བགྲོ་གླེང་བྱ་རྒྱུ་ཡིན་འདུག

བགྲོ་གླེང་ཚོགས་འདུའི་སྐབས་ནང་པའི་མཁས་དབང་ཚོས་དཔལ་འབྱོར་ཡར་རྒྱས་ཀྱི་གནད་དོན་དང་། ཁོར་ཡུག་སྲུང་སྐྱོབ་དང་རང་བྱུང་ཐོན་ཁུངས་ཉར་ཚགས་ཀྱི་གནད་དོན་གཉིས་ཆ་སྙོམ་ཡོང་ཐབས་དང་། ཆོས་ལུགས་རིས་མེད་རྒྱུན་གནས་བྱ་ཐབས་བཅས་ཀྱི་སྐོར་ལ་ནང་པའི་ལྟ་གྲུབ་ཀྱི་ཐོག་ནས་རམ་འདེགས་གང་འདྲ་བྱེད་ཐུབ་མིན་གྱི་ཐོག་གོ་བསྡུར་བྱ་རྒྱུ་ཡིན་འདུག

ད་ཐེངས་ཀྱི་བགྲོ་གླེང་ནང་རྒྱལ་ཁབ་༣༠ ཡས་མས་ཀྱི་ནང་པའི་ཚོགས་བཅར་བ་རྣམས་ཕེབས་རྒྱུ་ཡིན་ཁར། སོག་པོ་དང་། ཨུ་རུ་སུ། ཤྲི་ལང་ཀ ཀོམ་བྷོ་ཌི་ཡ། ཝི་ཏེ་ནམ། བྷང་ལ་སྡེ་ཤི་བཅས་ནས་ནང་པའི་དབུ་ཁྲིད་མཐོ་ཤོས་རྣམས་ཕེབས་འཆར་ཡོད་འདུག མཇུག་སྡོམ་མཛད་སྒོའི་ཐོག་རྒྱ་གར་གྱི་སྲིད་འཛིན་པེར་ནམ་མུ་ཁེར་ཇི་ཡང་ཕེབས་འཆར་ཡོད་འདུག

ན་ཝ་ནཱ་ལེནྡྲ་གཙུག་ལག་སློབ་གཉེར་ཁང་གིས་ལོ་ངོ་བཅུ་ཕྲག་༦ གི་རྗེས་སུ་བསྐྱར་དུ་པར་སྐྲུན་ཞུས་པའི་པ་ལིའི་སྡེ་སྣོད་གསུམ་གྱི་གླེགས་བམ་༤༠ ཐམ་པ་བགྲོ་གླེང་ཚོགས་འདུའི་སྐབས་འགྲེམས་སྤེལ་བྱ་རྒྱུ་ཡིན་འདུག་པ་མ་ཟད། རྒྱ་གར་རིག་གཞུང་ལྷན་ཁང་གིས་གླེགས་བམ་དེ་དག་ཧིན་རྡིའི་ནང་བསྒྱུར་ཏེ་པར་སྐྲུན་བྱ་རྒྱུའི་ཆོག་མཆན་གནང་ཟིན་པ་ལྟར། མི་རིང་བར་ཡིག་བསྒྱུར་བྱས་ནས་པར་སྐྲུན་བྱ་རྒྱུ་ཡིན་སྐོར་ན་ཝ་ནཱ་ལེནྡྲའི་འགན་འཛིན་སུ་ནིལ་ཀུ་མར་སིན་ཧས་བརྗོད་ཡོད་འདུག

ད་ཐེངས་ཀྱི་བགྲོ་གླེང་འདི་ནི་རྒྱ་གར་རིག་གཞུང་ལྷན་ཁང་དང་། ན་ཝ་ནཱ་ལེནྡྲ་མ་ཧ་ཝི་ཧ་ར་གཉིས་མཉམ་འབྲེལ་གྱིས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 209

Leave a Reply