ནོར་གླིང་གི་གྲུབ་འབྲས་ཆེ་ཤོས་གཅིག

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་   ༦༣༨  ཕྱི་ལོ་ ༢༠༡༦/༣ /༡༥  

ཉེ་ཆར་ཕྱི་ཚེས་༩ ཉིན་བཞུགས་སྒར་དྷ་རམ་ས་ལའི་ཉེ་འཁྲིས་སུ་ཡོད་པའི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དབུ་བརྙེས་ནས་མི་ལོ་༢༡ འཁོར་བ་དང་སྟབས་བསྟུན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཀྱང་ཞབས་སོར་འཁོད་སོང་། སྤྱིར་ནོར་གླིང་ནི་བོད་ཀྱི་རིག་གཞུང་གཅེས་སྐྱོང་བྱེད་མཁན་གྱི་ལྟེ་གནས་ཤིག་དང་། དམིགས་ཡུལ་དེ་དག་རྒྱུན་མཐུད་ཡོང་ཆེད་ལག་ཤེས་ཀྱི་སྡེ་ཚན་ཁག་བརྒྱུད་དཔལ་འབྱོར་འདུ་འགོད་ཀྱི་ཐབས་ལམ་འཚོལ་སའི་སྒྲིག་འཛུགས་ཤིག་རེད། ནོར་གླིང་ནི་སྡེ་ཚན་ཧ་ཅང་མང་བའི་ལྟེ་གནས་ཤིག་ཡིན་པའི་ཆ་ནས་སྤྱི་ཡོངས་ནས་གླེང་མེད་ལ། དེ་དག་གི་ཐོག་ལ་ཞིབ་ཅིང་ཕྲ་བ་ནས་རྒྱུས་མངའ་ཡོང་རྒྱུ་ཡང་ཁག་ཙམ་ཡོད་པས་མ་ཤེས་ཤེས་མདོག་བྱས་མེད། ད་ལན་གླེང་བྱ་གཙོ་བོ་ནོར་གླིང་ནི་ཕྱི་ལོ་༡༩༩༠ ནང་དབུ་བརྙེས་ནས་བཟུང་བོད་ནས་གསར་དུ་འབྱོར་བའི་མི་སྣ་ཤེས་ཡོན་ཡོད་མེད་ཚང་མ་ལ་ཐོག་མར་རྐང་པ་འཛུགས་སའམ། གསོ་སྐྱོང་བྱེད་ས་བཙན་བྱོལ་ནང་ནས་ཆེས་གལ་ཆེ་ཤོས་ཤོག་ཏུ་གྱུར་ཡོད་པ་དེ་ཧ་ཅང་གསལ་པོ་རེད།

བོད་ནས་གསར་དུ་འབྱོར་བ་རྣམས་ལ་མཚོན་ན་བོད་གཞུང་གིས་བལ་ཡུལ་ནས་བཟུང་སྣེ་ལེན་གནང་བཞིན་ཡོད་པ་དང་། ལོ་ཆུང་རྣམས་ལ་སློབ་སྦྱོང་གི་མཐུན་རྐྱེན་དང་གོ་སྐབས་ཡོད་པ་སྨྲོས་མེད་ཐོག ལོ་ན་ཆེ་ཆུང་ལ་མ་ལྟོས་པར་གསོག་སྒར་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་སྦྱོང་བྱེད་པའི་གོ་སྐབས་ཀྱང་ཡོད་པ་རེད། འོན་ཀྱང་སློབ་སྦྱོང་ཡོད་མེད་གང་ཡིན་ཡང་ལག་ཁྱེར་གང་ཡང་མེད་པ་དང་། མུ་མཐུད་སློབ་སྦྱོང་བྱེད་པའི་འདུན་པ་དང་སེམས་ཤུགས་མེད་མཁན་དག་ལ་མཚོན་ན་ཕྱི་ལོ་༡༩༩༠ ནང་ནས་༢༠༡༠ ཙམ་ལ་མ་ཐུག་གི་བར་ཤེས་ཡོན་མེད་མཁན་རྣམས་སྨྲོས་མེད་ཡིན་པ་མ་ཟད། སློབ་སྦྱོང་ཡོད་མཁན་ཞིག་ཡིན་ཡང་བཙན་བྱོལ་ནང་ལས་ཀའི་ཁོར་ཡུག་རྙེད་དཀའ་བ་ནི་དངོས་ཡོད་གནས་ཚུལ་རེད། སྐབས་དེ་དུས་ཤེས་ཡོན་ཡོད་མེད་ཚང་མས་ལས་ཀའི་ཁོར་ཡུག་ཅིག་འཚོལ་བའི་རེ་བ་རྒྱག་ས་དང་པོ་ནོར་གླིང་ཡིན་པ་དང་། སྐབས་དེ་དག་ཏུ་ནོར་གླིང་ནས་གསར་འབྱོར་མང་པོ་ཞིག་གི་འཚོ་བའི་དཀའ་ངལ་སེལ་ཡོད་ལ། མི་མང་པོ་ཞིག་ལ་ཕུགས་རྒྱང་རིང་པོའི་མདུན་ལམ་ཡང་བསྐྲུན་ཡོད།

ནོར་གླིང་ངེས་སྟོན་པ་བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས་ལ་མཚོན་ན། སྐབས་རེ་ལས་ཀའི་ས་མིག་སྟོང་པ་དམིགས་བསལ་མེད་ནའང་། སྐྱིད་སྡུག་ཞུ་མཁན་གྱི་མི་དེ་དང་དེའི་ཤེས་ཡོན་གྱི་གནས་ཚད་དང་། འཚོ་བའི་དཀའ་ངལ་སོགས་ལ་དགོངས་བཞེས་ཀྱིས་ཆེད་དུ་ལས་ཀ་གོ་སྒྲིག་གནང་བའི་གནས་སྟངས་སོགས་ནི་བཙན་བྱོལ་ནང་གི་གཞུང་སྒེར་གྱི་ཚོགས་སྡེ་གཞན་གང་དང་ཡང་གཏན་ནས་བསྡུར་ཐབས་མེད། མི་མང་པོ་ཞིག་ལ་ཡིག་ཐོག་གི་སློབ་སྦྱོང་གང་འཚམས་ཡག་པོ་ཡོད་ཀྱང་། ལས་ཀ་དངོས་ཀྱི་ཉམས་མྱོང་ནོར་གླིང་ནས་བསགས་ཏེ་ཤེས་ཡོན་པའི་མིང་ཡོད་མཁན་དང་། ཤེས་ཡོན་གྱི་ཐོག་ནས་རང་འཚོ་ཐུབ་པ་ཙམ་དུ་མ་ཟད། གཞན་ལ་མཐུན་རྐྱེན་སྦྱོར་ཐུབ་པའི་མི་སྣའང་མང་པོ་བྱུང་ཡོད། ལྷག་པར་དུ་ཡི་གེའི་ཤེས་ཡོན་ཙམ་མ་ཡིན་པར་ལག་ཤེས་དང་འབྲེལ་བའི་ཐོག་ནས་ཀྱང་དེ་མཚུངས་བཞིན་མི་མང་པོ་ཞིག་ལ་འཚོ་བའི་མདུན་ལམ་བསྐྲུན་ཐུབ་པ་བྱུང་ཡོད། དེར་བརྟེན་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནི་བོད་ནས་གསར་དུ་འབྱོར་བ་རྒྱབ་རྩ་དང་ངོ་ཤེས་མེད་མཁན་རྣམས་ལ་བཀའ་དྲིན་ཆེས་ཆེ་ཤོས་ཤིག་ཏུ་གྱུར་ཡོད།

ད་ལྟའི་ཆར་བོད་ནས་གསར་འབྱོར་མཁན་ཧ་ཅང་དཀོན་དུ་སོང་ཡོད་པ་དང་། སྔོན་དང་བསྡུར་ན་བོད་ནས་ཡོང་མཁན་མང་ཆེ་བའི་འཚོ་བའི་གནས་སྟངས་ཀྱང་ཧ་ཅང་ཡག་ཏུ་སོང་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་གསར་འབྱོར་ལ་སྡོད་ཁང་གསར་རྒྱག་གི་ལས་གཞི་སོགས་འགྲོ་བཞིན་ཡོད་སྟབས་སྔོན་མ་དང་བསྡུར་ན་དཀའ་ངལ་ཧ་ཅང་ཆུང་དུ་སོང་ཡོད། འོན་ཀྱང་གོང་དུ་བརྗོད་པའི་ལོ་ཚིགས་དེ་དག་གི་སྐབས་སུ་བོད་ནས་ཡོང་བའི་གསར་འབྱོར་བ་རྣམས་ལ་མཚོན་ན་དྷ་རམ་ས་ལ་རུ་ཟ་ཁང་གི་ཞབས་ཞུའི་ལས་ཀ་ཙམ་ཡང་རག་དཀའ་བ་དང་། རག་ཀྱང་གླ་ཆ་ཧ་ཅང་ཆུང་བས་འཚོ་བའི་དཀའ་ངལ་སེལ་མི་ཐུབ་པ་ལྟ་བུ་ཡོད་ཀྱང་། ནོར་བུ་གླིང་ག་ནི་ལས་ཀའི་ཁོར་ཡུག་བཟང་ཤོས་དང་། མ་འོངས་པའི་འཚོ་བ་ལམ་བུ་ག་འདྲ་ཞིག་ཏུ་བསྐྱོད་དགོས་མིན་སོགས་ཀྱི་ཐོག་ལའང་བསམ་བློ་གཏོང་རྒྱུའི་གོ་སྐབས་ཐོབ་ཡོད། དེར་བརྟེན་གནས་སྟངས་འདི་དག་གི་ཐོག་ནས་བོད་ནས་དུ་གསར་འབྱོར་བ་མང་པོ་ཞིག་ལ་ནོར་གླིང་ནི་བཀའ་དྲིན་ཆེན་པོ་རེད་ཅེས་བརྗོད་པ་དེ་ཁ་ཡག་ཙམ་མ་ཡིན་པར་དོན་དངོས་ཀྱང་རེད།

སྤྱིར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གསར་འཛུགས་བྱས་ནས་ད་བར་རྟེན་བཞེངས་དང་། བྲིས་འཚེམ་གྱི་ཐང་གའི་སྒྱུ་རྩལ། ཤིང་བརྐོས། འཚེམ་བཟོ། ཚགས་རྡུང་སོགས་ལག་ཤེས་ཀྱི་སྡེ་ཚན་དང་། ༧གོང་ས་མཆོག་གི་མཛད་རྣམ་རྩོམ་སྒྲིག་སྡེ་ཚན་དང་། ཞིབ་འཇུག་ལྟེ་གནས། མཐོ་སློབ་སོགས་ཤེས་ཡོན་གྱི་སྡེ་ཚན་ཁག་གིས་བོད་ཀྱི་རིག་གནས་གྱི་ཐོག་ལ་བཞག་པའི་བྱས་རྗེས་དང་། དཔལ་འབྱོར་འདུ་འགོད་དང་འབྲེལ་བའི་སྐོར་སོགས་སྡེ་ཚན་མང་པོ་ཡོད་ཀྱང་དེ་དག་རེ་རེ་བཞིན་གྲུབ་འབྲས་ཆེན་པོ་ཡོད་ངེས་ཀྱང་འདིར་གླེང་མེད་ལ། གཙོ་ཆེ་ཤོས་བོད་ནས་གསར་དུ་འབྱོར་བ་མང་པོ་ཞིག་ལ་ལས་ཀའི་ཁོར་ཡུག་བསྐྲུན་ནས་མི་དེ་དང་དེ་དག་གི་འཚོ་བའི་ཁ་ཕྱོགས་ལ་འགྱུར་ལྡོག་བཏང་བ་དང་། དེ་ལ་བརྟེན་ནས་ལས་རིགས་སོ་སོའི་ནང་ཆེད་ལས་མི་སྣ་མང་པོ་ཞིག་གསོ་སྐྱོང་ཐུབ་པ་ནི། སྒྲིག་འཛུགས་གཞན་དང་བསྡུར་ཐབས་མེད་པ་ཞིག་ཏུ་གྱུར་ཡོད་སྟབས། དོན་དངོས་ཀྱི་གནས་སྟངས་མི་ཤེས་མཁན་པོ་ཡོད་པས་ད་ལན་གནས་ཚུལ་འདིའི་སྐོར་རགས་ཙམ་གླེང་དགོས་པ་དེ་ཡང་གལ་ཆེར་མཐོང་སོང་།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||