པ་ཀི་སི་ཐན་གྱིས་རྒྱ་གར་དམག་མིའི་ཡན་ལག་བཅད་འདུག་ཟེར།

ཟླ་འདིའི་ཕྱིི་ཚེས་༢ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་དང་པ་ཀི་སི་ཐན་གཉིས་བར་རྩོད་རྙོག་ཡོད་པའི་ཀ་ཤི་མིར་ས་གནས་སུ། ཟླ་འདིའི་ཕྱི་ཚེས་༡ ཉིན་རྒྱ་གར་གྱི་དམག་མི་གཉིས་བསད་ནས་ཡན་ལག་བཅད་ཡོད་པའི་གནས་ཚུལ་འདུག

དེ་ཡང་རྒྱ་གར་གྱི་དམག་མིས་ཁ་སང་གཟའ་ཟླ་བའི་ཉིན་ཁོ་ཚོའི་དམག་མི་གཉིས་མྱུལ་ཞིབ་ཏུ་བསྐྱོད་སྐབས། པ་ཀི་སི་ཐན་གྱི་དམག་དཔུང་གིས་རྩོད་རྙོག་ཡོད་སའི་ས་མཚམས་ནས་དྲག་རྒོལ་བྱས་ཏེ། གཟུགས་པོའི་ཡན་ལག་རྣམས་དུམ་བུར་བཏང་ཡོད་པ་དང་། དེ་ནི་དམག་མིའི་བྱ་སྤྱོད་དང་འགལ་བ་ཞིག་ཡིན་སྐོར་བརྗོད་ཡོད་འདུག

དེ་བཞིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཨ་རུན་ཇེ་ཏི་ལིས་གནས་ཚུལ་དེ་ནི་གཏན་ནས་ངོས་ལེན་བྱེད་མི་ཐུབ་པ་ཞིག་ཡིན་ཁར། མི་སྤྱོད་ལས་འདས་པ་ཞིག་ཡིན་པ་དང་། དེ་བཞིན་དམག་འཁྲུག་གི་སྐབས་སུ་ཡང་དེ་འདྲའི་གནས་ཚུལ་འབྱུང་གི་མེད་སྐོར་བརྗོད་པ་མ་ཟད། རྒྱ་གར་གྱི་བརྙན་འཕྲིན་བརྒྱུད་ལམ་ཐོག་ཁོང་གིས། དམག་འཁྲུག་གི་སྐབས་སུ་ཡང་དེ་འདྲའི་གནས་ཚུལ་གོ་རྒྱུ་མེད་པས། ཞི་བདེའི་དུས་སྐབས་སུ་གཏན་ནས་འབྱུང་མི་སྲིད་པའི་གནས་ཚུལ་ཞིག་ཡིན་སྐོར་དང་། དེ་བཞིན་ཁོང་གིས་ཁོང་ཚོའི་དཔུང་དམག་གིས་འོས་མཚམས་ཀྱི་འཁོན་ལན་ཞིག་སློག་རྒྱུར་རྒྱལ་ཁབ་ཧྲིལ་པོས་ཡིད་ཆེས་གཙང་མ་བྱེད་ཀྱི་ཡོད་རེད་ཅེས་ཀྱང་བརྗོད་ཡོད་འདུག

འོན་ཀྱང་། པ་ཀི་སི་ཐན་གྱིས་ཁོ་ཚོའི་དཔུང་དམག་ནི་ཚད་མཐོའི་ཆེད་ལས་རང་བཞིན་ཅན་ཞིག་ཡིན་པས། དམག་མི་ཞིག་ལ་མ་གུས་པ་ནམ་ཡང་བྱེད་སྲིད་ཀྱི་མེད་སྐོར་བརྗོད་ནས་ཁས་ལེན་བྱས་མེད་འདུག

སྤྱིར་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀས་ཀ་ཤི་མིར་ཧྲིལ་པོ་སོ་སོའི་ས་ཁོངས་ཡིན་པར་བརྗོད་ནས་ལོ་ངོ་༦༠ ལྷག་རིང་གི་རྙོག་གླེང་ཡོད་ཀྱང་། ཕྱོགས་གཉིས་ཀས་ས་གནས་དེའི་ས་ཆའི་ཆ་ཤས་རེ་ཙམ་ལས། ས་ཆ་ཡོངས་རྫོགས་ལ་དབང་བསྒྱུར་བྱས་ཐུབ་མེད་པ་མ་ཟད།  དེ་སྔོན་ཕྱོགས་གཉིས་བར་དམག་འཁྲུག་ཐེངས་གསུམ་ཤོར་ཡོད་པ་ལས། གཉིས་ནི་ཀ་ཤི་མིར་གྱི་གནད་དོན་ཐོག་ནས་བྱུང་ཡོད་འདུག ད་སྐབས་ཕྱོགས་གཉིས་ཀར་རྡུལ་ཕྲན་མཚོན་ཆ་ཡོད་སྟབས། མ་འོངས་པར་དམག་འཁྲུག་ཅིག་ཤོར་ཚེ་སྔར་ལས་ལྷག་པའི་གཏོར་སྐྱོན་འབྱུང་གི་ཡོད་པའི་གནས་ཚུལ་འདུག་ལ། ད་ལྟའི་ཆར་ས་གནས་དེ་ཛ་དྲག་གི་གནས་སྟངས་འོག་ཡོད་པ་རེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 299

Leave a Reply