པ་ཀི་སེ་ཐན་ནང་འཇིགས་སྐུལ་རིང་ལུགས་པས་དྲག་རྒོལ་བྱས་འདུག

ཨེ་ཤི་ཡའི་རྒྱལ་ཁབ་པ་ཀི་སེ་ཐན་ནང་དུ་རང་གཞན་གཉིས་ཕུང་གི་འབར་གས་གཏོར་མཁན་གྱིས་འབར་རྫས་སྤར་ནས། ཉུང་མཐར་མི་༦ དང་༡༦ ལ་རྨས་སྐྱོན་བཟོས་ཡོད་འདུག

ཟླ་༡ པོའི་ཚེས་༡༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། པ་ཀི་སེ་ཐན་གྱི་ལྷོ་ནུབ་གྲོང་ཁྱེར་ཁེའུ་ཊ་ཡི་ནང་། རང་གཞན་གཉིས་ཕུང་གི་འབར་གས་གཏོར་མཁན་ཞིག་རྐང་ཐང་དུ་ཁུལ་དེར་ཡོད་པའི་གྲོས་ཚོགས་ཀྱི་ཉེ་འགྲམ་དུ་སླེབས་ཡོད་པ་དང་། དེ་གར་བདེ་སྲུང་ཆེད་ཉེན་རྟོག་པ་འགྲེམས་འཇོག་བྱས་ཡོད་པ་མཐོང་དུས། གྲོས་ཚོགས་ཁང་ནས་མི་ཊར་༣༠༠ ཙམ་གྱི་སར་བདེ་སྲུང་མི་སྣ་ཉེན་རྟོག་པ་ཡོད་པའི་རླངས་འཁོར་ཆེ་བ་ཞིག་གི་འགྲམ་དུ་འབར་རྫས་སྤར་ཡོད་པ་དང་། དྲག་རྒོལ་དེའི་ཁྲོད་ཉེན་རྟོག་པ་༤ བརྩིས་པའི་ཉུང་མཐར་མི་གྲངས་༦ བསད་ཡོད་པ་དང་། ཉུང་མཐར་མི་གྲངས་༡༦ ལ་རྨས་སྐྱོན་བཟོས་ཡོད་འདུག

པ་ཀི་སེ་ཐན་ནང་གི་འཇིགས་སྐུལ་རིང་ལུགས་པ་ཏ་ལི་བྷན་ཚོགས་པས་དྲག་རྒོལ་དེར་འགན་བླངས་ཏེ། དེ་སྔོན་ཚོགས་པ་དེའི་ཚོགས་མི་ཁག་ཅིག་ཉེན་རྟོག་པས་བསད་པའི་དགྲ་ཤ་བླངས་པ་ཡིན་སྐོར་བསྒྲགས་གཏམ་སྤེལ་ཡོད་འདུག

གྲོང་ཁྱེར་ཁེའུ་ཊའི་ནང་འཇིགས་སྐུལ་རིང་ལུགས་པ་དང་ཁ་བྲལ་རིང་ལུགས་པ་སོགས་ཀྱིས་དྲག་རྒོལ་སྤེལ་བཞིན་པས། པ་ཀི་སེ་ཐན་ནང་འཇིགས་སྐུལ་དྲག་རྒོལ་གྱི་གནས་ཚུལ་མང་པོ་འབྱུང་ཡུལ་གྱི་བསྟི་གནས་ཤིག་ཡིན་པ་དང་། ཕྱི་ལོ་༢༠༡༧ ལོའི་ཟླ་༡༢ པའི་ནང་ཡེ་ཤུ་ཆོས་ཁང་ཅིག་ནང་དྲག་རྒོལ་བྱུང་ནས་ཉུང་མཐར་མི་༨ བསད་ཡོད་འདུག

དེ་སྔོན་ཨ་རིའི་སྲིད་འཛིན་ཊོམ་གྱིས་པ་ཀི་སེ་ཐན་གྱིས་འཇིགས་སྐུལ་རིང་ལུགས་པར་ཡིབ་ས་སྤྲོད་ཀྱི་ཡོད་པའི་ཉེས་འཛུགས་བྱས་ཏེ། རོགས་དངུལ་མཚམས་འཇོག་བྱ་རྒྱུ་ཡིན་སྐོར་བསྒྲགས་སྐབས། པ་ཀི་སེ་ཐན་གྱིས་འཇིགས་སྐུལ་རིང་ལུགས་པར་འཐབ་རྒོལ་ཆེད་ཁོང་ཚོས་ཀྱང་བློས་གཏོང་དང་ཤུགས་སྣོན་རྒྱག་གི་ཡོད་སྐོར་ལན་འདེབས་བྱས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 297

Leave a Reply