པ་ན་མ་རྒྱལ་ཁབ་ཀྱིས་ཐའེ་ཝན་དང་འབྲེལ་ལམ་བཅད་ཡོད་འདུག

རྒྱ་ནག་གི་དཔལ་འབྱོར་གྱི་གནོན་ཤུགས་འོག་ནས། རྒྱལ་ཁབ་གཞན་གྱིས་ཐའེ་ཝན་དང་འབྲེལ་ལམ་གཅོད་བཞིན་ཡོད་ཁར། ཉེ་ཆར་ཐའེ་ཝན་དང་རྒྱུན་རིང་འབྲེལ་ལམ་ཡོད་པའི་པ་ན་མས་ཕྱོགས་གཉིས་ཀྱི་འབྲེལ་ལམ་བཅད་ཡོད་འདུག

པ་ན་མ་དང་རྒྱ་ན་གི་ཕྱི་སྲིད་བློན་ཆེན་གཉིས།

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༣ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། པ་ན་མ་རྒྱལ་ཁབ་དང་ཐའེ་ཝན་གཉིས་བར་དེ་སྔོན་དུས་ཡུན་རིང་པོའི་འབྲེལ་ལམ་ཡོད་འདུག་ཀྱང་། ཉེ་བའི་ལོ་ཤས་ནས་བཟུང་། རྒྱ་ནག་དང་པ་ན་མའི་བར་དཔལ་འབྱོར་གྱི་འབྲེལ་ལམ་ཤུགས་ཆེ་རུ་སོང་སྟེ། པ་ན་མ་གཞུང་གིས་“རྒྱ་ནག་གཅིག་”མ་གཏོགས་དེ་སྔོན་ནས་ངོས་འཛིན་བྱས་མེད་པ་དང་། ཐའེ་ཝན་དེ་རྒྱ་ནག་གི་ཆ་ཤས་སུ་བརྩི་བཞིན་ཡོད་སྐོར་བརྗོད་པའི་ཐོག་ནས་ཕྱི་འབྲེལ་གྱི་ཁ་ཕྱོགས་བསྒྱུར་ཏེ། ཐའེ་ཝན་དང་འབྲེལ་ལམ་བཅད་ཡོད་པ་དང་། ཕྱི་འབྲེལ་གྱི་ཁ་ཕྱོགས་བསྒྱུར་དགོས་པའི་རྒྱུ་མཚན་གང་ཡིན་མིན་གྱི་སྐོར་ལ་ཡང་འབྲེལ་བརྗོད་གང་ཡང་བྱས་མེད་པ་རེད།

པ་ན་མ་རྒྱལ་ཁབ་ནི་རྒྱ་ནག་གི་ཚབ་ཏུ་ཐའེ་ཝན་དང་འབྲེལ་ལམ་འཛིན་མཁན་གྱི་རྒྱལ་ཁབ་ཉུང་ཤས་ཤིག་ཡོད་པའི་ཁྲོད་ནས་འཕྱི་ཤོས་གཅིག་ཡིན་པ་མ་ཟད། ལོ་སྔོན་མའི་ཕྱི་ཟླ་༦ པའི་ནང་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་དབྱིང་ཝེན་པ་ན་མ་རུ་ཕྱིན་ཡོད་འདུག

དེ་བཞིན་ལོ་སྔོན་མའི་ཕྱི་ཟླ་༡༢ པའི་ནང་ས་ཐོ་མེ་དང་པེ་རིན་སི་ཕི་ཞེས་པའི་ཨ་ཧྥི་རི་ཀའི་ཁུལ་གྱི་རྒྱལ་ཁབ་ཅིག་གིས་ཀྱང་པ་ན་མ་དང་གཅིག་མཚུངས་སུ་འབྲེལ་ལམ་གྱི་ཁ་ཕྱོགས་བསྒྱུར་ཡོད་འདུག་པ་མ་ཟད། ད་ལྟ་རྒྱལ་ཁབ་༢༠ ཐམ་པས་ཐའེ་ཝན་དང་འབྲེལ་ལམ་རྒྱུན་བསྐྱངས་བྱེད་ཀྱི་ཡོད་འདུག དེ་དག་ལས་མང་པོ་ཞིག་ནི་ལྷོ་ཨ་མི་རི་ཀ་དང་། དབུས་ཨ་མི་རི་ཀའི་ཁོངས་ཀྱི་རྒྱལ་ཁབ་ཆུང་ཆུང་ཡིན་ཁར། རྒྱ་ནག་དང་དཔལ་འབྱོར་གྱི་འབྲེལ་ལམ་དེ་ཙམ་མེད་པ་དག་ཡིན་འདུག

ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཁང་ནས་པ་ན་མའི་ཐག་གཅོད་དེ་ལ་ཁོང་ཁྲོ་དང་བློ་འགྱོད་ཀྱི་རྣམ་འགྱུར་བསྟན་ཡོད་ཁར། ཐའེ་ཝན་གྱི་ངོས་ནས་དངུལ་སྒོར་གྱི་ཐོག་ནས་ཕྱི་འབྲེལ་འཛིན་རྒྱུར་རྒྱ་ནག་དང་འགྲན་སྡུར་བྱ་རྒྱུ་མིན་སྐོར་དང་། པ་ན་མས་འགུལ་བསྐྱོད་དེ་བརྒྱུད་ནས་རྒྱ་ནག་ནས་དཔལ་འབྱོར་གྱི་རོགས་སྐྱོར་རྒྱ་ཆེན་པོ་ཞིག་ཐོབ་ཐབས་ཀྱི་དགོས་འདུན་བཏོན་ཡོད་སྐོར་བརྗོད་ཡོད་འདུག

པ་ན་མའི་མཚོ་ལམ་ནི་རྒྱལ་སྤྱིའི་ཚོང་འབྲེལ་གྱི་བརྒྱུད་ལམ་གལ་ཆེན་པོ་ཞིག་ཆགས་ཡོད་པ་ལྟར། རྒྱ་ནག་གི་ཕྱོགས་ནས་པ་ན་མ་བརྒྱུད་ནས་ཁོ་རང་ཚོའི་རྒྱལ་སྤྱིའི་ཚོང་འབྲེལ་རྒྱ་བསྐྱེད་གཏོང་ཐབས་བྱེད་བཞིན་ཡོད་པ་དང་། ཉེ་བའི་ལོ་ཤས་ནས་བཟུང་པ་ན་མའི་རྒྱལ་ཁབ་ཏུ་རྒྱ་ནག་གིས་དཔལ་འབྱོར་མ་འཛུགས་བྱེད་རྒྱུ་ཤུགས་ཆེ་རུ་བཏང་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||