པོ་ཏ་ལ་བསྐྱར་བཅོས་ཀྱི་ལས་གཞི་རྒྱ་ཆེན་པོ་ཞིག་འགོ་འཛུགས་བྱ་རྒྱུ་ཡིན་འདུག

ཟླ་འདིའི་ཕྱི་ཚེས་༥ ཉིན་རྒྱ་ནག་ཤིན་ཧ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་ཕོ་བྲང་པོ་ཏ་ལ་བསྐྱར་བཅོས་ཀྱི་ལས་གཞི་རྒྱ་ཆེན་པོ་ཞིག་གང་མགྱོགས་འགོ་འཛུགས་བྱ་རྒྱུ་ཡིན་པ་བོད་རང་སྐྱོང་ལྗོངས་ཀྱི་ལས་བྱེད་ཅིག་གིས་བརྗོད་ཡོད་འདུག

དེ་ཡང་རྩེ་ཕོ་བྲང་པོ་ཏ་ལའི་འཛིན་སྐྱོང་སྡེ་ཚན་གྱི་ལས་བྱེད་མི་སྣ་ཇོར་ལྡན་གྱིས་ཤིན་ཧ་གསར་ཁང་ལ་བརྗོད་པ་ལྟར་ན། རྒྱ་ནག་གཞུང་གི་གནའ་རྫས་འཛིན་སྐྱོང་ཚན་པ་ནས། ཕོ་བྲང་པོ་ཏ་ལའི་ཡང་སྟེང་གི་གསེར་ལས་བཟོས་པའི་རྒྱན་ཆ་རྣམས་བསྐྱར་བཟོ་བྱེད་རྒྱུ་དང་། དེ་དག་གི་ཐད་ལ་བདེ་འཇགས་དོགས་སྲུང་བྱ་རའི་མ་ལག་ཡར་རྒྱས་གཏོང་རྒྱུར་བཀའ་འཁྲོལ་གནང་བ་ཞིག་ཡིན་པ་དང་། གསེར་ལས་བཟོས་པའི་རྒྱན་ཆ་རྣམས་དུས་ཡུན་རིང་པོའི་ནང་རླུང་བུ་དང་། ཉི་འོད། ཆར་པའི་དཀྱིལ་དུ་བཞག་ཡོད་པའི་རྐྱེན་གྱིས་འཕྲོ་བརླག་སོང་ཡོད་ཀྱང་། བསྐྱར་བཅོས་བྱེད་པ་ལ་བརྟེན་ནས་མ་འོངས་པར་རྒྱུན་རིང་པོ་གནས་ཐུབ་པའི་དགེ་མཚན་ཡོད་སྐོར་འདུག

བསྐྱར་བཅོས་ཀྱི་ལས་གཞི་འདི་ལ་འགྲོ་སོང་མི་དམངས་དངུལ་སྒོར་ས་ཡ་༡༠ ལྷག་གཏོང་རྒྱུ་ཡིན་སྐོར་འདུག་ལ། དེ་ནི་ཨ་སྒོར་ས་ཡ་༡.༥ ཙམ་གྱི་ཚད་གཞི་ཡིན་པ་རེད།

བོད་ཀྱི་རྒྱལ་ས་ལྷ་ས་རུ་ཡོད་པའི་ཕོ་བྲང་པོ་ཏ་ལ་ནི་དུས་རབས་༧ པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་གསར་དུ་བཞེངས་ཤིང་། དུས་རབས་༡༧ པའི་ནང་༧གོང་ས་སྐུ་ཕྲེང་༥ པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྒྱ་བསྐྱེད་གནང་ཡོད་པ་རེད།

ཤིན་ཧ་གསར་ཁང་གིས་སྤེལ་བ་ལྟར་ན་ན་ནིང་ལོར་རྒྱ་ནག་དང་རྒྱལ་སྤྱི་ཁྱོན་ཡོངས་ནས་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་༡.༣༧ ཕོ་བྲང་དུ་མཇལ་སྐོར་དུ་འབྱོར་ཡོད་འདུག་པ་དང་། རྒྱ་ནག་གིས་བོད་དུ་བཙན་འཛུལ་བྱས་རྗེས་ཏེ། ཕྱི་ལོ་༡༩༩༡ ལོར་འཛམ་གླིང་གི་གནའ་ཤུལ་གྲགས་ཅན་དུ་རྒྱལ་སྤྱིའི་ཐོག་ནས་ངོས་འཛིན་བྱུང་ཡོད་པ་རེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 199

Leave a Reply