པོ་ལན་ཌི་ནང་མི་རིགས་དཀར་པོ་རིང་ལུགས་པས་ལས་འགུལ་ཁྱབ་ཆེན་སྤེལ་འདུག

ཤར་ཡུ་རོབ་ཀྱི་རྒྱལ་ཁབ་པོ་ལན་ཌིའི་རང་བཙན་ཉིན་མོར། མི་རིགས་དཀར་པོ་རིང་ལུགས་པ་ཁྲི་དྲུག་ལྷག་གིས། སྐད་འབོད་ཁྲོམ་སྐོར་གྱི་ལས་འགུལ་ཁྱབ་ཆེན་ཞིག་སྤེལ་ནས། ཁ་ཆེ་ཆོས་ལུགས་དང་མི་རིགས་གཞན་ལ་གུ་ཡངས་ཀྱི་ལྟ་བ་ཆུང་དུ་འགྲོ་བཞིན་པའི་རྣམ་པ་ཐོན་ཡོད་པ་རེད་འདུག

ཟླ་༡༡ པའི་ཚེས་༡༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༡༡ པའི་ཚེས་༡༡ ཉིན་ནི་པོ་ལན་ཌི་རྒྱལ་ཁབ་དེ་ཉིད་ཕྱི་ལོ་༡༩༡༨ ལོར་ལོ་༡༢༣ རྗེས་ཕྱིའི་རྒྱལ་ཁབ་གསུམ་གྱི་དབང་སྒྱུར་འོག་ནས་རང་བཙན་ཐོབ་པའི་ཉིན་མོ་ཡིན་པ་དང་། དེ་སྔོན་ཉིན་དེར་གཞུང་འབྲེལ་ཐོག་ནས་རང་བཙན་གྱི་ཉིན་མོ་སྲུང་བརྩི་བྱེད་ཀྱི་ཡོད་ཀྱང་། ཉེ་བའི་ལོ་ཤས་ནས་མི་རིགས་དཀར་པོ་རིང་ལུགས་པས་ལས་འགུལ་ཁྱབ་ཆེན་སྤེལ་འགོ་བཙུགས་ནས། ཉིན་མོ་དེའི་རྣམ་པ་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་འདུག

ཐེངས་འདིའི་པོ་ལན་ཌི་རང་བཙན་ཉིན་མོར་མི་རིགས་དཀར་པོ་རིང་ལུགས་པ་ཁྲི་དྲུག་ལྷག་གིས། རྒྱལ་ཁབ་དེའི་རྒྱལ་ས་ཝར་སོའི་སྲང་ལམ་ཁག་ཏུ། གོམ་བགྲོད་བྱས་ཏེ་ཡུ་རོབ་རྒྱལ་ཁབ་མི་རིགས་དཀར་པོ་ཡིན་དགོས་པ་དང་། ཁ་ཆེ་ཆོས་ལུགས་ཨི་སེ་ལམ་རྩ་གཏོར་ཡོང་བར་སྨོན་ལམ་རྒྱག་དགོས། པོ་ལན་ཌི་ནི་ཁེ་ཐོ་ལེག་ཆོས་ལུགས་ཡིན་པ་ལས་ཆོས་ལུགས་རིས་མེད་མིན། པོ་ལན་ཌི་གཙང་མ་དགོས། དཀར་པོ་དགོས། སྐྱབས་བཅོལ་བ་རྣམས་ཕྱིར་ལོག་ཅིག་སོགས་ཀྱིས་འབོད་ཚིག་བསྒྲགས་ཡོད་འདུག ལས་འགུལ་བ་ཕལ་ཆེ་བ་པོ་ལན་ཌིའི་མི་སེར་ཡིན་འདུག་ཀྱང་། ཡུ་རོབ་ཀྱི་རྒྱལ་ཁབ་མང་པོ་ཞིག་གི་མི་སེར་རྣམས་ལས་འགུལ་དེར་མཉམ་ཞུགས་བྱེད་པར་སླེབས་ཡོད་འདུག

ལས་འགུལ་བ་མི་གྲངས་ཉུང་བ་ཞིག་གིས་མི་རིགས་རིང་ལུགས་ཀྱི་ལས་འགུལ་ལ་ངོ་རྒོལ་བྱས་སྐབས། ཕྱོགས་གཉིས་བར་གདོང་ཐུག་བྱུང་ཡོད་འདུག་པ་དང་། སྐབས་དེར་མི་རིགས་རིང་ལུགས་ལས་འགུལ་བ་ཚོས་ཕར་ཕྱོགས་ཀྱི་བུད་མེད་ལས་འགུལ་བ་ཁག་ཅིག་ལ་རྡོག་རྒྱག་གཞུས་ཡོད་འདུག

མི་རིགས་རིང་ལུགས་ཀྱི་ལས་འགུལ་གོ་སྒྲིག་བྱེད་མཁན་ཚོགས་པ་གཙོ་བོ་ཞིག་ནི་རྒྱལ་ཁབ་དེའི་རྒྱལ་ཞེན་རིང་ལུགས་པ་ཚོགས་པ་ཞིག་ཡིན་འདུག་པ་དང་། ཚོགས་པ་དེས་དེ་སྔོན་ཁ་ཆེ་མི་རིགས་གནས་སྤོ་བ་དང་། མཚན་མཐུན་འཁྲིག་སྤྱོད་བྱེད་མཁན་རྣམས་ཀྱི་ཐོབ་ཐང་། ཡུ་རོབ་མཐུན་ཚོགས་སོགས་ལ་ངོ་རྒོལ་ལས་འགུལ་སྤེལ་མྱོང་ཡོད་པ་རེད་འདུག

དཔྱད་བརྗོད་པ་ཁག་ཅིག་གིས་སྤྱིར་བཏང་མི་རིགས་རིང་ལུགས་པ་དག་ལ་རྒྱབ་སྐྱོར་བྱེད་མཁན་ཉུང་ཉུང་ཡིན་ཡང་། པོ་ལན་ཌི་གཞུང་གིས་རྒྱལ་ནང་གི་ན་ཚ་དང་ནག་ཉེས་མང་པོ་ཞིག་གནས་སྤོ་བ་དང་འབྲེལ་མཐུད་བཟོས་ནས། རྒྱལ་ནང་དུ་ཕྱི་མིར་བཟོད་སྲན་མེད་པའི་ཁོར་ཡུག་བསྐྲུན་ཡོད་པས། མི་རིགས་རིང་ལུགས་པ་དག་བློ་ཁོག་ཆེ་རུ་ཕྱིན་ཡོད་སྐོར་བརྗོད་བཞིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 210

Leave a Reply