བ་གླང་སྲུང་སྐྱོབ་དང་འབྲེལ་བའི་མི་གསོད་ལ་ངོས་ལེན་མེད་སྐོར་གསུངས་འདུག

བ་གླང་སྲུང་སྐྱོབ་རུ་ཚོགས་ཀྱིས་ཁ་ཆེ་དང་ཧིན་རྡུ་ཆོས་ལུགས་ཀྱི་རིགས་དམན་པ་དྷ་ལི་ཏི་རྣམས་ལ་བ་གླང་གི་གནད་དོན་དང་འབྲེལ་བའི་ཐོག་ནས་མནར་གཅོད་གཏོང་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པ་དང་བསྟུན། དེའི་མིང་ཐོག་ནས་མི་གསོད་ཁྲག་སྦྱོར་བྱེད་པ་ནི་ངོས་ལེན་བྱེད་མི་ཐུབ་པ་ཞིག་རེད་ཅེས་རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་གསུངས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༣༠ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢༩ ཉིན་རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་རྒྱ་གར་གྷུ་ཇུ་ར་ཏི་མངའ་སྡེའི་ནང་འདུ་འཛོམས་ཤིག་གི་ཐོག བ་གླང་སྲུང་སྐྱོབ་ཀྱི་མིང་ཐོག་ནས་མི་གསོད་ཁྲག་སྦྱོར་བྱེད་པ་ནི་ངོས་ལེན་བྱེད་མི་ཐུབ་པ་ཞིག་རེད་ཅེས་དང་། དེ་ནི་རྒྱ་གར་གྱི་ཡབ་ཆེན་བདག་ཉིད་ཆེན་པོ་གྷན་དྷིའི་ལྟ་གྲུབ་དང་མཐུན་གྱི་མེད་སྐོར་གསུངས་ཡོད་འདུག་པ་མ་ཟད། སྤྱི་ཚོགས་ཤིག་ཡིན་པའི་ངོས་ནས་དྲག་སྤྱོད་ཀྱི་ལས་ལ་རོལ་མི་ཆོག་པ་དང་། མི་སུ་གང་ལ་ཁྲིམས་ལུགས་སོ་སོའི་ལག་ཏུ་བླངས་ནས་ཐག་གཅོད་བྱེད་དབང་མེད་སྐོར་བརྗོད་ཡོད་འདུག

རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་བ་གླང་སྲུང་སྐྱོབ་ཤོག་ཁག་རྣམས་ལ་སྐད་ཆ་འདི་འདྲ་བཤད་པ་ད་ཐེངས་ཐོག་མ་མིན་ཡང་། ཁ་ཆེའི་ཆོས་ལུགས་པ་རྣམས་ལ་བ་གླང་གི་ཤ་ཟ་ཡི་ཡོད་པའི་སྐྱོན་འཛུགས་ཀྱི་འོག་ནས་བ་གླང་སྲུང་སྐྱོབ་རུ་ཁག་ཚོས་རུབ་རྡུང་བྱེད་བཞིན་པའི་གནས་སྟངས་ནི་མུ་མཐུད་གནས་བཞིན་ཡོད་པ་རེད།

མོ་དྷི་ཡིས་བ་གླང་གི་གནད་དོན་དང་འབྲེལ་བའི་སྐོར་ལ་སྐད་ཆ་བཤད་ནས་ཆུ་ཚོད་ཁ་ཤས་ཀྱི་རྗེས་སུ། ཇར་ཁན་ཌི་མངའ་སྡེའི་ནང་ཁ་ཆེ་བ་སྐྱེས་པ་ལོ་༤༥ ཡིན་པ་ཞིག་ལ་ཁོའི་རླངས་འཁོར་ནང་གླང་ཤ་སྐྱེལ་འདྲེན་བྱེད་ཀྱི་ཡོད་པའི་ཉེས་འཛུགས་འོག་མི་མང་བརྒྱ་ཕྲག་ཙམ་གྱིས་རུབ་རྡུང་བྱས་ནས། རླངས་འཁོར་ལ་མེ་བརྒྱབས་ཡོད་པ་མ་ཟད། མཐའ་མར་ཁོ་ཡང་སྨན་ཁང་ནས་གྲོངས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༢༨ ཉིན་ཁ་ཆེ་བ་དང་རིགས་དམན་པ་དྷ་ལི་ཏི་རྣམས་ལ་བ་གླང་སྲུང་སྐྱོབ་རུ་ཚོགས་ཀྱིས་མནར་གཅོད་གཏོང་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། མུམ་བྷའི། བྷེང་ལོར། ཧའེ་དྷེར་བྷ་དྷི། ལཀི་ནོའུ། ཨ་ལ་བྷ་དྷི་བཅས་ནས་རྒྱ་གར་མི་མང་སྟོང་ཚོ་མང་པོས་“ངའི་མིང་ཐོག་ནས་མ་བྱེད།”ཅེས་པའི་འཕྲེད་དར་འཁྱེར་ནས་ངོ་རྒོལ་བྱས་ཡོད་པ་མ་ཟད། དབྱིན་ཡུལ་གྱི་རྒྱལ་ས་ལན་ཌོན་ནས་ཀྱང་ངོ་རྒོལ་བྱས་ཡོད་འདུག དེ་བཞིན་བདུན་ཕྲག་འདིའི་ནང་རྒྱ་གར་གྱི་གྲོང་ཁྱེར་ཅེན་ནཱ་དང་། ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོ། ཨ་རིའི་གྲོང་ཁྱེར་བྷོ་སི་ཊོན། པ་ཀི་སི་ཐན་གྱི་གྲོང་ཁྱེར་ཀ་རཱ་ཆི་བཅས་སུ་མི་མང་འདུ་འཛོམས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་འཆར་ཡོད་འདུག

རྒྱ་གར་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཚོས་ཕྱི་ལོ་༢༠༡༤ ལོར་བྷེ་ཇེ་པེ་ཆབ་སྲིད་ཚོགས་པས་གཞུང་འཛིན་བྱས་ནས་བཟུང་། བ་གླང་སྲུང་སྐྱོབ་རུ་ཁག་གིས་ཁ་ཆེ་དང་རིགས་དམན་པ་དྷ་ལི་ཏི་རྣམས་ལ་རྒོལ་རྡུང་ཡང་ཡང་བཏང་བའི་གནས་ཚུལ་བྱུང་སྐོར་བཤད་བཞིན་ཡོད་འདུག་པ་མ་ཟད། རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་དྲག་རྡུང་བྱེད་མཁན་རྣམས་ལ་ཉེས་ཆད་ལྕི་མོ་གཅོད་ཀྱི་མེད་པའི་སྐྱོན་འཛུགས་བྱེད་བཞིན་ཡོད་འདུག

ཧིན་རྡུ་ཆོས་ལུགས་པ་ཚོས་ཆོས་ལུགས་ཀྱི་གནད་དོན་དང་འབྲེལ་བའི་ཐོག་ནས་བ་གླང་རྩ་ཆེན་པོ་བརྩིས་ཏེ། ཧིན་རྡུ་ཆོས་ལུགས་ཤུགས་ཆེན་པོ་ཡོད་པའི་རྒྱ་གར་གྱི་མངའ་སྡེ་ཁག་ཅིག་ནང་བ་གླང་གསོད་མི་ཆོག་པའི་ཁྲིམས་བཟོས་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||