བཀའ་ཟུར་དང་ཚོགས་ཟུར་གྱིས་བཀྲམ་པའི་ཡིག་ཆ་དེ་༧གོང་ས་མཆོག་གི་བཀའ་ཁྲོལ་མེད་པའི་ཐོག་ནས་བཀྲམ་རེད།

“སྲིད་སྐྱོང་ལ་རྒྱབ་སྐྱོར་ཡོད་མདོག་གིས་༧གོང་ས་མཆོག་ལ་མཚན་སྨད་ཞུས་ན་འགྲིག་གི་མ་རེད་ལ། སྲིད་སྐྱོང་ལ་ངོ་རྒོལ་ཡོད་མདོག་གིས་༧གོང་ས་མཆོག་ལ་མཛད་དཀའ་བཟོས་ན་འགྲིག་གི་མ་རེད། ༧གོང་ས་མཆོག་ཁ་ལ་ཁུར་ནས་༧གོང་ས་མཆོག་ལ་མཛད་དཀའ་བཟོས་ན་འགྲིག་གི་མ་རེད། ཚང་མ་མཚམས་འཇོག་གྱིས་ཞུས་ཡོད་”ཅེས་སྲིད་སྐྱོང་གིས་འགྲེལ་བརྗོད་གནང་སོང་།

kazur

འོས་བསྡུའི་རྗེས་བཀའ་ཟུར་དང་ཚོགས་ཟུར་མཇལ་ཁའི་སྐབས་ཀྱི་སྐུ་པར་རེད་ཅེས་ཕྱི་ལ་བཀྲམ་པ།

དེ་ཡང་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་རྗེས་སུ། བཀའ་ཟུར་དང་ཚོགས་གཙོ་ཟུར་པ་ཁག་ཅིག་ལ་༧གོང་ས་མཆོག་གི་མཇལ་ཁའི་སྐབས། འོས་བསྡུ་དང་འབྲེལ་བའི་བཀའ་སློབ་ཅིག་གནང་བའི་ཤོག་ངོས་ཁག་ཅིག སྤྱི་ཚོགས་ནང་ཁྱབ་པ་དང་། དེ་༧གོང་ས་མཆོག་གི་བཀའ་སློབ་ཡིན་མིན་དང་། དངོས་གནས་བཀྲམ་མཁན་ཡོད་མེད་སྐོར་ལ། སྤྱི་ཚོགས་ནང་གླེང་གཞི་ཆེན་པོ་བྱུང་ཡོད་པ་རེད།

དེ་བཞིན་ཐེངས་འདིའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སྐབས་བཅུ་དྲུག་པའི་ཚོགས་དུས་གཉིས་པའི་ཐོག དེའི་སྐོར་ལ་གླེང་སློང་བྱུང་བ་དང་། སྐབས་དེར་མཇལ་ཁ་ཞུ་མཁན་བཀའ་ཟུར་དང་ད་ལྟའི་སྤྱི་འཐུས་ལས་ཐོག་ཐུབ་བསྟན་ལུང་རིག་གིས་བཅའ་ཁྲིམས་ལུང་འདྲེན་བྱས་ནས་༧གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་གནང་ཆོག་སྐོར་འགྲེལ་བརྗོད་གནང་བ་དང་། ཡིག་ཆ་དེ་ཡང་༧གོང་ས་མཆོག་གི་བཀའ་སློབ་ཡིན་པ་གསལ་པོ་ཆགས་ཡོད་པ་རེད། ༧གོང་ས་མཆོག་ལ་མཚན་སྨད་ཞུ་མི་ཆོག་པའི་སྐོར་དང་། བཀའ་སློབ་ཡིག་ཆ་དེ་ཡང་སྤྱི་ཚོགས་ནང་བཀྲམ་ན་འགྲིག་མིན། ཡིག་ཆ་དེ་རྐྱེན་བྱས་ཏེ་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་བྱུང་གི་ཡོད་མེད་སྐོར་སོགས་གྲོས་ཚོགས་ནང་གླེང་སློང་ཡང་བྱུང་ཡོད་པ་རེད།

mp2016ཟླ་འདིའི་ཚེས་༢༩ ཉིན་ཏེ། གྲོས་ཚོགས་ཉིན་མཐའ་མའི་ཐོག་བཀའ་ཟུར་དང་ཚོགས་ཟུར་ཚོར་གནང་བའི་བཀའ་སློབ་ཡིག་ཆ་དེ་དང་། ༧གོང་ས་མཆོག་ལ་མཚན་སྨད་སྐོར་དང་འབྲེལ་ནས། སྲིད་སྐྱོང་བློ་བཟང་སེང་གེས་གསལ་བཤད་གནང་དོན། “སྤྱི་འཐུས་གཅིག་གིས་མི་གསུམ་གྱིས་༧གོང་ས་མཆོག་ལ་མཚན་ཤས་བཟོས་པ་དེར་མོས་མཐུན་མེད། ནོར་བ་རེད། ཡིན་ནའང་། ཁོང་ཚོས་སྐད་ཆ་བཤད་སྟངས་ལ་བལྟས་ན། བཀའ་ཟུར་དང་ཚོགས་ཟུར་གྱི་ཡིག་ཆ་བཀྲམ་པ་ལ་རྐྱེན་བྱས་ནས་ཡོང་གི་འདུག་དཱ་གསུངས་པ་རེད། བཀའ་ཤག་གིས་གཙང་མ་ཡོང་ཆེད་མི་སུ་མ་དགོས་སུས་ག་རེ་བཤད་ནའང། བཀའ་ཤག་གིས་རྒྱུ་རྐྱེན་ལ་ལྟ་ཡི་མིན། ༧གོང་ས་མཆོག་ལ་མཚན་སྨད་ཞུས་པ་ཙམ་གྱིས་འགྲིག་གི་མ་རེད། ༧གོང་ས་མཆོག་གོང་ཕུད་རེད། གཙང་མ་བཟོས་ནས་འགྲོ་ཡི་ཡོད་པའི་སྐད་ཆ་ཡིན། ཡིན་ཡང་བཀུར་འོས་སྤྱི་འཐུས་ཀྱིས་རྐྱེན་ལ་ལྟ་དགོས་པ་གསུངས་སོང་། རྐྱེན་ལ་ལྟ་དགོས་རེད་ཟེར་དུས་བཀའ་ཤག་ལ་བྱེད་མ་ཤེས་པ་ཆགས་རེད། ཚང་མ་ཡར་སྔོག་ཤོག་ཟེར་གྱི་ཡོད་པ་རེད་དམ། གཙང་མ་བྱས་ནས་འགྲོ་དགོས་རེད། བཤད་མཁན་གྱིས་བཤད་ཚར་རེད། མོས་མཐུན་མེད། མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལབ་དུས། རྐྱེན་ལ་ལྟ་དགོས་པ་རེད་ཟེར། རྐྱེན་ལ་ལྟ་དགོས་ན་ཡིག་ཆ་གསུམ་དེའི་ནང་བཤད་མཁན་གསུམ་གྱིས་བཤད་ཡོད་རེད། གཅིག་གིས་གསལ་པོ་བཤད་ཡོད་རེད། བཀའ་ཟུར་དང་ཚོགས་ཟུར་གྱི་ཡིག་ཆ་གཞིར་བཟུང་གི་ཐོག་ནས་ཁོ་རང་གིས་སྐད་ཆ་བཤད་པ་བཞིན་བཤད་ཡོད་རེད། བཀའ་ཟུར་དང་ཚོགས་ཟུར་གྱི་ཡི་གེ་རེད་ཟེར་བ་དེ་ཡར་བཅད་མར་བཅད་ཡོད་རེད་ཟེར་གྱི་ཡོད་རེད་ལ། ཆ་ཚང་ཡོད་མེད་ཟེར་གྱི་ཡོད་རེད། དེའི་རྗེས་ནས་རེ་གཉིས་མར་ཐོན་ནས་སྤྱི་ཚོགས་ནང་༧གོང་ས་མཆོག་ལ་མཚན་སྨད་ཞུ་ཡི་ཡོང་དུས། སེམས་འཚབ་སྐྱེ་དགོས་པ་ཞིག་རེད་ལ། ༧གོང་ས་མཆོག་ལ་མཛད་དཀའ་ཡོང་གི་ཡོད་རེད། དེ་ཚོ་ཚང་མ་བཤད་མི་དགོས་པ་གཙོ་འདོན་བྱས་དུས། རྐྱེན་ལ་ལྟ་དགོས་རེད་ཟེར། རྐྱེན་ལ་ལྟ་དགོས་ན་འདུག་དཱ། ཁོང་ཚོ་གསུམ་ཀ་གཞི་རྩ་ནོར་རེད། སྲིད་སྐྱོང་ལ་རྒྱབ་སྐྱོར་ཡོད་མདོག་གིས་༧གོང་ས་མཆོག་ལ་མཚན་སྨོད་ཞུས་ན་འགྲིག་གི་མ་རེད་ལ། སྲིད་སྐྱོང་ལ་ངོ་རྒོལ་ཡོད་མདོག་གིས་༧གོང་ས་མཆོག་ལ་མཛད་དཀའ་བཟོས་ན་འགྲིག་གི་མ་རེད། ༧གོང་ས་མཆོག་ཁ་ལ་ཁུར་ནས་༧གོང་ས་མཆོག་ལ་མཛད་དཀའ་བཟོས་ན་འགྲིག་གི་མ་རེད། ཚང་མ་མཚམས་འཇོག་གྱིས་ཞུས་ཡོད་”ཅེས་འགྲེལ་བརྗོད་གནང་སོང་།

1mp2016སྲིད་སྐྱོང་གིས་མུ་མཐུད་གསུང་དོན། “ང་ཚོས་དབྱེ་བ་འབྱེད་ཀྱི་མེད་དེ། རྐྱེན་ལ་ལྟ་དགོས་རེད་གསུངས་དུས། བཀའ་ཟུར་དང་ཚོགས་ཟུར་གྱི་ཡིག་ཆ་དེ་ག་འདྲ་ཞིག་སླེབས་རེད། ག་རེ་བྱས་ནས་བཀྲམ་རེད། དེ་ལ་ཡར་བཅད་མར་བཅད་བྱས་ཡོད་པ་རེད་དང་ཡོད་པ་མ་རེད། ༧གོང་ས་མཆོག་ཐུགས་ཕམ་པ་རེད། སྲིད་སྐྱོང་དང་ཚོགས་གཙོ། ཁྲིམས་ཞིབ་པ་རྣམ་པར་གནས་སྐབས་རིང་མཇལ་ཁ་གནང་ཡོད་པ་མ་རེད། དེ་དངོས་ཡོད་རེད། དེའི་བར་ལ་བཀའ་ཟུར་དང་ཚོགས་ཟུར་ཟེར་མཁན་ཁོ་རང་ཚོ་ཕེབས་རེད་ལ། མཇལ་ཁ་གནང་བ་རེད། བཀའ་ག་རེ་གནང་ཡོད་སུ་གཅིག་གིས་ཤེས་ཀྱི་ཡོད་པ་མ་རེད། དེའི་རྗེས་སྲིད་སྐྱོང་མཇལ་ཁར་བཅར་བ་དང་གསལ་བཤད་ཐེངས་ཁ་ཤས་ཞུས་རེད། གསལ་པོ་ཆགས་རེད། ༧གོང་ས་མཆོག་ལ་གསལ་པོ་ཆགས་པས། ཕྱོགས་གཉིས་ཀས་ཞུ་རྒྱུ་རག་རེད། གསལ་པོ་ཞུས་ན་དེའི་སྔོན་ཕྱོགས་གཅིག་གིས་མང་བ་ཞུས་ཡོད་རེད་དཱ། སྲིད་སྐྱོང་བཅར་ནས་ཕྱོགས་གཞན་དེ་ཞུ་རྒྱུ་རག་རེད། ཞུས་ཚར་རྗེས་༧གོང་ས་མཆོག་ཨ་རི་ལ་ཕེབས་ནས། དེ་སྔོན་ཐལ་འཚུབ་ལངས་པ་རེད། ད་ལྟ་ནམ་མཁའ་གཡའ་དག ས་གཞི་རྡུལ་དག་ཡིན། ད་གཙང་མ་ཡིན་དཱ་གསུངས་པ་རེད། དེ་དང་མཉམ་དུ་༧གོང་ས་མཆོག་གིས་ཁག་མི་འདུག་ཨ་མི་མང་ལ་གསུངས་ཡོད་རེད། ད་གཙང་མ་ཡིན་གསུངས་ཚར་དུས་ཡི་གེ་དེ་སྤྱི་ཚོགས་ནང་སླེབས་རེད། བཀའ་ཟུར་ཚོགས་ཟུར་ནང་ན་སུ་ཡོད་རེད། དེ་སྔོན་ཡིན་ན་ལས་ཐོག་ལས་ཐོག་ཡིན། ཟུར་པ་ཟུར་པ་ཡིན་ཟེར་གྱི་ཡོད་རེད། ཡིན་ནའང་ལས་ཐོག་ཟུར་པ་བྱས་ནས་དེའི་ནང་ཕེབས་བསྡད་ཡོད་རེད། དེ་འགྲིག་གི་འདུག སྔོན་མ་བཀའ་བློན་ཟུར་པ་དང་ཚོགས་གཙོ་ཟུར་པ་རེད། ཡིན་ནང་སྲིད་སྐྱོང་གི་འོས་བསྡུའི་སྐབས་ཆ་ཤས་ལེན་མཁན་དང་ཕྱོགས་ཞེན་གནང་མཁན་དེའི་ནང་ཡོད་རེད། བཀའ་ཟུར་དང་ཚོགས་ཟུར་བར་འདུམ་བྱེད་མཁན་དང་དྲང་བདེན་བྱེད་མཁན་ཡིན་ལབ་ན། སྲིད་སྐྱོང་འོས་བསྡུའི་སྐབས་ཆ་ཤས་ལེན་མཁན་དང་ཕྱོགས་ཞེན་བྱེད་མཁན་གྱིས་ག་འདྲ་ཞིག་དྲང་པོ་བྱེད་ཀྱི་རེད། ༧གོང་ས་མཆོག་གི་བཀའ་གནང་བ་ཚིག་ཐོ་ཡིག་ཐོག་ལ་ཕབ་ཡིན་ཟེར་གྱི་ཡོད་རེད། ཕབ་མཁན་སུ་རེད། ག་རེ་བྱས་ནས་ཕབ་རེད། ཀུན་སློང་ག་རེ་རེད། དེ་སྔོན་གནད་ཡོད་མི་སྣ་ཞིག་གིས་ཕབ་རྒྱུ་ཡོད་མ་རེད་གསུངས་པ་རེད་དེ། བཀྲམ་རྒྱུ་ད་ཕར་ཞོག ཕབ་ཀྱི་ཡོད་པ་མ་རེད། ཡིན་ནའང་ཕབ་པ་དེ་འགྲིག་མ་རེ་ཟེར་གྱི་མེད། ཕབ་མཁན་སུ་རེད། ང་ལ་ཁྲིམས་ལ་དོ་སྣང་བྱེད་ཀྱི་མི་འདུག་ཟེར། ངས་ཁྲིམས་ཞུས་ཡོང་། ཁྲིམས་ཐོག་ལ་ཕྱིན་ན། ཕབ་མཁན་ལ་རག་ལས་རེད་དཱ། རྒྱ་གར་ཁྲིམས་ཁང་ལ་སོང་ན། དང་པོ་སྒྲ་ཐག་ཡོད་རེད་པེ་ཟེར་གྱི་རེད། སྒྲ་ཐག་ཡོད་མ་རེད། ང་ཚོའི་དྲན་པ་དེ་ཡིག་ཐོག་ལ་ཕབ་ཡིན་ལབ་ན། དཔང་རྟགས་དེ་ཡང་དུ་སོང་ཚར་རེད། ཕབ་མཁན་དེ་སུ་རེད་ཟེར་དུས། འོས་བསྡུའི་སྐབས་ཆ་ཤས་ལེན་མཁན་དང་ཕྱོགས་ཞེན་བྱེད་མཁན་རེད་ལབ་དུས། དེ་བརྩི་ཡི་མ་རེད། ཆ་ཤས་ལེན་མཁན་དང་ཕྱོགས་ཞེན་བྱེད་མཁན་གྱིས་བཀྲམ་ན། ཕྱོགས་ཞེན་ཡོད་པ་ཞིག་བཀྲམ་གྱི་རེད། གྲོས་ཚོགས་ར་བ་འདིའི་ནང་འགན་གྱི་ཆ་ནས་སྲིད་སྐྱོང་གིས་མཇལ་ཁ་མང་ཤོས་རག་ཡོད་རེད། སྐལ་བ་བཟང་པོ་ཡིན། ཆ་ཚང་ངས་ཞུ་ཡི་མིན། ༧གོང་ས་མཆོག་གིས་བཀའ་ག་རེ་གནང་བ་དེ་ཚིག་ཐོ་བཀོད་ནས་ལམ་སང་མར་བཀྲམ་འཇོག་རྒྱུའི་ལམ་ལུགས་སྲོལ་ད་སྔོན་བཀའ་ཤག་ལ་ཡོད་མ་རེད། བཀའ་ཤག་སྐབས་བཅུ་བཞི་པ་ལ་ཡོད་མ་རེད། སྐབས་བཅོ་ལྔ་པ་ལ་ཡོང་གི་མ་རེད།  ༧གོང་ས་མཆོག་གིས་བཀའ་ག་རེ་གནང་བ་དེ་ཡིད་ལ་བཅིངས་ནས་ལས་ཀ་བྱས་ནས་འགྲོ་དགོས་རེད། བཀའ་ཟུར་དང་ཚོགས་ཟུར་གྱིས་ཡིག་ཆ་བཀྲམ་པ་དེར་༧གོང་ས་མཆོག་གི་དགོངས་གཞི་ག་རེ་ཡིན་ངས་ཤེས་ཀྱི་ཡོད། སྙན་སེང་ཞུས་ཡིན། ཡིན་ནའང་གྲོས་ཚོགས་འདིའི་ནང་དགོངས་པ་ག་རེ་ཡིན་ངས་ཞུ་ཡི་མིན། གསང་བ་ཉར་དགོས་རེེད། ༧གོང་ས་མཆོག་གི་དགོངས་པ་རྩ་ཆེན་པོར་བརྩི་དགོས་རེད། དེ་མར་ངས་བཤད་ན་སྤྱི་ཚོགས་ནང་གླེང་སློང་མང་བ་ལས། ཆོ་ཡོད་མ་རེད། དེར་བརྟེན་སོ་སོ་ལ་གྱོང་ཡོད་ནའང་ཁུར་རྒྱུ་རེད། དེ་འདྲ་བྱས་ནས་ཞབས་ཞུ་དགོས་པ་རེད། མར་བཀྲམ་ཆོག་ཆོག་དང་བཤད་ཆོག་ཆོག་བྱས་ན་འགྲིག་གི་མ་རེད། ཡིན་ནའང་ཡིག་ཆ་བཀྲམ་པ་དེར་༧གོང་ས་མཆོག་གི་བཀའ་ཁྲོལ་ཡོད་མ་རེད། མཁྱེན་གྱི་ཡོད་མ་རེད། མ་མཁྱེན་པ་དང་བཀའ་ཁྲོལ་མེད་པའི་ཐོག་ནས་བཀྲམ་རེད། དེ་ངས་ཞུ་ཆོག་གི་རེད་”ཅེས་འགྲེལ་བརྗོད་གནང་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེད།

Share on Facebook0Tweet about this on TwitterShare on Google+5Share on LinkedIn0Email this to someone
0 commentsViews: 160

Leave a Reply