བཀའ་ཟུར་ས་འདུ་རིན་ཆེན་དོན་གྲུབ་ལགས་ནང་བཞིན་དཀོན་པོ་རེད།

འགྱུར་བ་ཆེན་པོའི་དུས་སྐབས་ནང་། གནད་འགག་ཆེ་བའི་ལས་དོན་མང་པོའི་ཐོག་ཞུགས་གནང་མཁན་སྐུ་ངོ་རིན་ཆེན་ལགས་ནང་བཞིན་ཕལ་ཆེར་དཀོན་པོ་རེད་ཅེས་ཟམ་གདོང་རིན་པོ་ཆེས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༤ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༤ པའི་ཐོག་དྷ་ས་གངས་སྐྱིད་བདེ་ལེགས་སྨན་ཁང་གི་ཚོགས་ཁང་དུ། བཀའ་ཟུར་ས་འདུ་རིན་ཆེན་དོན་གྲུབ་ཀྱི་ངག་རྒྱུན་ལོ་རྒྱུས་བརྗོད་པར་དཀའ་བའི་མི་ཚེའི་ལོ་རྒྱུས་(A Life unforeseen)ཞེས་པའི་དཔེ་དེབ་བོད་དབྱིན་གཉིས་ཀའི་ནང་སྤར་སྐྲུན་བྱས་པ་ཞིག བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་དབུ་འབྱེད་གནང་སོང་ཞིང་། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པས་དབུས་སྤྱི་འཐུས་དང་། དྲུང་ཆེ་ཁག་ཅིག གཞན་ཡང་དྷ་སའི་ཁུལ་གྱི་གནད་ཡོད་མི་སྣ་རྣམས་དང་། འབྲེལ་ཡོད་ཀྱི་མི་ཁག་ཅིག་བཅས་འཛོམས་འདུག

དེ་ཡང་ཤོག་ངོས་༢༤༧ དང་ལེའུ་ལྔ་ཅན་གྱི་ངག་རྒྱུན་ལོ་རྒྱུས་བརྗོད་པར་དཀའ་བའི་མི་ཚེའི་ལོ་རྒྱུས་ཞེས་པ་འདི་ནི་བཀའ་ཟུར་ས་འདུ་རིན་ཆེན་རང་ཉིད་ཀྱིས་ བྲིས་པ་དང་། བོད་ཀྱི་དཔེ་མཛོད་ཁང་གིས་སྤར་སྐྲུན་བྱས་པ་ཞིག་རེད་འདུག

མཛད་སྒོའི་ཐོག་མར་བདེ་ལེགས་སྨན་ཁང་གི་སྨན་པ་ས་འདུ་ཚེ་བརྟན་གྱིས་པར་རིས་དང་སྦྲགས་རང་གི་ཕ་བཀའ་ཟུར་ས་འདུ་རིན་ཆེན་དོན་གྲུབ་ཀྱི་ལོ་རྒྱུས་ཉུང་བསྡུས་ཤིག་ངོ་སྤྲོད་གནང་རྗེས། བཀའ་ཟུར་བློ་བཟང་དར་རྒྱས་དང་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་གཉིས་ཀྱིས་བོད་དབྱིན་གཉིས་ནང་སྔ་རྗེས་སུ་དཔེ་དེབ་ཀྱི་དུམ་མཚམས་རེ་བཀླགས་སོང་།

དེ་རྗེས་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་བོད་རང་དབང་ཡིན་པའི་སྐབས་ཀྱི་བོད་གཞུང་དང་། རང་དབང་བྲལ་རྗེས་ཀྱི་བཙན་བྱོལ་གཞུང་གཉིས་ནང་སྲི་ཞུ་སྒྲུབ་མཁན་གང་ཟག་རྣམས་ཀྱི་ཉིན་རེའི་འཚོ་བའི་གནས་སྟངས་དེ་བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་བྱུང་རབས་ཀྱི་ཆ་ཤས་གལ་གནད་ཆེན་པོ་ཡིན་སྐོར་སོགས་དང་སྦྲགས་སྐབས་དོན་ཐོག་གསུང་དོན་དུ།“བཀའ་ཟུར་ས་འདུ་རིན་ཆེན་ལགས་ཀྱི་སྐུ་ཚེའི་གནས་སྟངས་དེ་ཧ་ཅང་དམིགས་བསལ་བ་ཞིག་ཡིན་པ་ཚོར་གྱི་ཡོད། སྤྱིར་བཏང་ང་ཚོ་གྲྭ་སར་བསྡད་དུས་གང་ཤེས་ཀྱི་ཡོད་མ་རེད། ཡིན་ན་ཡང་། ས་འདུ་ཚང་ཟེར་བའི་མིང་དེ་ང་ཆུང་ཆུང་སྐབས་གྲྭ་སར་ཡོད་དུས་གོ་མྱོང་བ་ཞིག་རེད། དེའི་རྒྱུ་མཚན་ག་རེ་རེད་ཟེར་ན། ས་འདུ་ཚང་སྤྱིར་བཏང་བསྟན་པ་མཆོད་སྦྱིན་གྱི་ཐོག་ནས་བླ་སྤྲུལ་དང་དགོན་སྡེ་རིས་སུ་མ་ཆད་པའི་སྦྱིན་བདག་ཅིག་རེད།”ཅེས་དང་། ས་འདུ་ཚང་ཡོངས་འཛིན་རྣམ་པ་གཉིས་ཀྱི་སར་ཡང་ཡང་དུ་བཅར་ཐོག་གྲྭ་སའི་སློབ་གཉེར་བ་འཁོས་ཞན་པོ་དང་། སློབ་གཉེར་ཡག་པོ་ཡོད་པ་ལ་འཚོ་བའི་མཐུན་རྐྱེན་གྱིས་ཕོངས་བསྡད་པ་དང་། ལྷག་པར་དུ་སློབ་གཉེར་ཡག་པོ་ཡོད་པ་ཚོ་དགེ་བཤེས་གཏོང་ཁ་ལ་དཔལ་འབྱོར་གྱིས་མ་འདང་བ་དེ་འདྲར་སྦྱིན་བདག་བྱེད་ཀྱི་ཡོད་སྟབས་ས་འདུ་ཚང་ཟེར་ནས་རྣ་བར་འཇགས་པ་ཞིག་ཡིན་སྐོར་གསུངས་སོང་།

དེ་བཞིན་ཁོང་གིས་“འགྱུར་བ་ཆེན་པོའི་དུས་སྐབས་ནང་། གནད་འགག་་ཆེ་བའི་ལས་དོན་མང་པོའི་ཐོག་ཞུགས་གནང་མཁན་སྐུ་ངོ་རིན་ཆེན་ལགས་ནང་བཞིན་ཕལ་ཆེར་དཀོན་པོ་རེད། དེའི་སྔོན་ལ་གཞུང་ཞབས་མ་ཞུགས་སྔོན་ནས་གཞུང་གི་ཕྱག་ལས་ཐོག སློབ་གྲྭར་ཞུགས་དུས་ནས་མཐུན་འགྱུར་གནང་བ་དང་མཉམ་རུབ་གནང་བ་དེ་འདྲ་མང་པོ་བྱུང་ཡོད་རེད།”ཅེས་དང་། “སྤྱིར་བཏང་སྤྱི་ཚོགས་ནང་ཁོང་གི་མཚན་སྙན་དང་། ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གཟིགས་ཕྱོགས་ལྟར་ན། ཚ་གི་ཚི་གི་མི་བྱེད་པར་བབ་བརླིང་བརྟན་གསུམ་དང་། ཞིབ་འཇུག་ཡག་པོ་བྱས་ནས་ཐག་གཅོད་གནང་མཁན་ཞིག་ལ་༧སྐུ་མདུན་གྱིས་ནམ་རྒྱུན་ནས་གཟིགས་ཀྱི་རེད། ད་དེ་རིན་ཆེན་ལ་གོ་བསྡུར་བྱས་ཡོད་ན་ཏག་ཏག་གཟབ་གཟབ་བྱས་ཡོད་རེད་ཅེས་ཐུགས་བློ་འགེལ་གནང་སའི་གང་ཟག་ཅིག་ཆགས་ཡོད་རེད།”ཅེས་དང་། བཀའ་ཟུར་སྐུ་གཤེགས་རིན་ཆེན་ལགས་ཀྱི་གནས་བབ་ཁྱད་པར་བ་གཅིག་ནི་ ༥༩ གོང་དུ་ཕ་བརྒྱུད་བུ་བརྒྱུད་གཞུང་ཞབས་མ་ཡིན་མཁན་ཚོང་པ་ཆེན་པོ་ཞིག་གི་མི་ཚང་ནས་གཞུང་ཞབས་ཞུས་པ་དང་པོའི་གྲས་ཆགས་ཀྱི་ཡོད་སྐོར་སོགས་གསུངས་སོང་།

བརྗོད་པར་དཀའ་བའི་མི་ཚེའི་ལོ་རྒྱུས་ཞེས་པའི་དཔེ་དེབ་ཀྱི་ངོ་སྤྲོད་ནང་། “ལོ་རྒྱུས་རྩོམ་པ་པོ་བཀའ་ཟུར་ས་འདུ་རིན་ཆེན་དོན་འགྲུབ་མཆོག་ནས་སྒར་སྲོལ་ཡིག་རྩིས་རིག་གནས་སློབ་གཉེར་གསན་བསམ་གནང་བ་དང་། རྡོར་གླིང་དབྱིན་སློབ་ཏུ་སློབ་སྦྱོང་གནང་ཞོར་ལྷ་ས་ནས་རྒྱ་གར་སོགས་སུ་ཚོང་འཁོས་འཐབ་ལེན་གནང་སྐོར། དེའི་རྗེས་སྐུ་མཆེད་འགྲེས་པ་རྣམ་པའི་བཀའ་དགོངས་བཞིན་གཞུང་ཞབས་ཞུ་རྒྱུ་གཏན་འཁེལ་བྱུང་དོན། ༡༩༤༨ ལོར་གཞུང་ཞབས་ཤོད་དྲུང་ཁོངས་སུ་གསར་མཇལ་ཞུས་ཤིང་། མི་རིང་བར་ལྷ་ལྡན་ཕྱི་རྒྱལ་ལས་ཁུངས་ཀྱི་ལས་བྱར་བསྐོ་བཞག་གནང་བ་ལྟར་ཐུགས་འགན་བཞེས་སྐོར། ལྷག་པར་དུ་ཕྱི་ལོ་ ༡༩༥༩ ལོར་རང་ཡུལ་བོད་རྒྱལ་ཁབ་ནང་རྒྱ་དམར་གྱིས་དྲག་གནོན་ཛ་དྲག་ཉེན་ཆེས་རྐྱེན་པས་རྒྱ་གར་ནང་བཙན་བྱོལ་དུ་ཡོང་དགོས་བྱུང་སྐབས་༧རྒྱལ་བའི་བཞུགས་སྒར་མ་སུ་རིར་འཕྲད་དུ་ངོ་བཅར་གྱིས་རྒྱ་གར་གྱི་དཔོན་རིགས་རྣམ་པར་མཇལ་འཕྲད་དང་མཉམ་འབྲེལ་རྒྱལ་ཚོགས་བཅས་སུ་བོད་དོན་ཞུ་སྐུལ་གྱི་གནད་དོན་ནམ་བྱུང་ལ་གསུང་སྒྱུར་ཞབས་ཞུ། རིམ་པས་དྷ་ས་༧སྐུ་སྒར་ཡིག་ཚང་དུ་ཕྱག་ལས་གནང་བ། དེའི་རྗེས་ཀལ་ཀ་ཊར་ཡིད་ཆེས་མ་རྩའི་ལས་ཁུངས་གསར་འཛུགས་ཀྱི་འགན་འཛིན་དུ་བསྐོ་བཞག་གནང་བ། དེའི་སྐབས་བོད་མིའི་སྤྱི་ཚོགས་ཁྲོད་ཕྱི་རྒྱལ་གྱི་སྐད་ཡིག་མཁྱེན་མཁན་ཆེས་དཀོན་ཞིང་སྐུ་ངལ་ཆེ་སྒང་གི་དུས་སུ། སྐུ་ངོ་མཆོག་བཀའ་བློན་གྱི་མཚན་གནས་ཐོག་ལྡི་ལི་དོན་གཅོད་དུ་བསྐོ་བཞག་གནང་དོན་ཐུགས་འགན་ཞེས་པ་སོགས་ཕྱི་ལོ་ ༡༩༤༥ ནས་བཟུང་རྒྱ་དཀར་ནག་གིས་མཚོན་པའི་བོད་དང་། ཨ་རི། ཉི་ཧོང་། ཐའེ་ལན་ཌི་བཅས་ཀྱི་ནང་ཆིབས་སྒྱུར་གར་གནང་ལ་ཆིབས་ཞབས་ལྷན་བཅར་གྱིས་༧རྒྱལ་བའི་སྐུ་བཅར་གསུང་སྒྱུར་ཞབས་ཞུའི་ཐུགས་འགན་བཞེས་པ་བཅས། བོད་གཞུང་མང་དུས་གཉན་བསྟན་སྲིད་ཉག་ཕྲའི་སྐབས་རང་དོན་བློས་གཏོང་ཆེན་པོས་མི་ལོ་ ༣༢ རིང་བོད་གཞིས་བྱེས་གཉིས་སུ་སྲི་ཞུ་རྣམ་དག་བསྒྲུབས་པ་བཅས་ཀྱི་ལོ་རྒྱུས་ཞིབ་ཕྲ་གསལ་ཡོད།”ཅེས་འཁོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 413

Leave a Reply