བཀའ་ཤག་གིས་དངུལ་ཁང་ཆེད་འཛུགས་ཀྱི་མ་དངུལ་འཚོལ་ཐབས་བྱེད་འཆར།

ཟླ་འདིའི་ཚེས་༢༧ ཉིན་ཏེ། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཐོག བཀའ་ཤག་གིས་དམིགས་བསལ་ལས་བྱེད་༡༨ ལས་མ་མང་བ་ཞིག་ཐད་བསྐོ་བྱེད་ཆོག་པའི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་དེར་ངོ་ཡོད་སྤྱི་འཐུས་གྲངས་༣༡ གིས་རྒྱབ་སྐྱོར་གནང་སྟེ། མང་མོས་ཐག་གཅོད་བྱུང་འདུག

img_5010སྒྲིག་གཞི་བསྐྱར་བཅོས་ནང་གསལ། “དམིགས་བསལ་དགོས་གལ་བྱུང་ཚེ་འབྲེལ་ཡོད་བཀའ་བློན་ལས་ཁུངས་སོ་སོའི་འཆར་འབུལ་ལྟར་བཀའ་ཤག་ནས་ལས་བྱེད་ས་མིག་རྩ་འབོར་གྱི་བརྒྱ་ཆ་༣ མམ། ལས་བྱེད་མི་གྲངས་༡༨ ལས་མ་མང་བ་ལོ་དུས་རྒྱས་བཅད་ཐོག་བཀའ་ཤག་སྐབས་སོ་སོའི་ལས་ཡུན་རིང་ལས་བྱེད་འདེམས་ལྷན་དང་གོ་བསྡུར་གྱིས་ཐད་བསྐོ་ཆོག་རྒྱུ། ལས་བྱེད་དེ་རིགས་བཀའ་ཤག་སྐབས་སོ་སོའི་ལས་ཡུན་འཁྱུར་རྗེས་ཟླ་གསུམ་ནང་ཚུན་ལས་མཚམས་འཇོག་དགོས། དེ་དག་གི་ལས་འགན་དང་གནས་རིམ། ཕོགས་ཐོབ། ཁེ་ཕན་གཞན་བཅས་བཀའ་ཤག་གིས་གཏན་འབེབས་བྱ་རྒྱུ་”ཞེས་འཁོད་པ་རེད།

གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཁྲིམས་འཆར་དེར་དགག་པ་དང་དོགས་འདྲི་འདྲ་མིན་སླེབས་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་དང་། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་གཉིས་ཀྱིས་གསལ་བཤད་ལན་འདེབས་རིམ་པ་གནང་བ་དང་། མཐའ་མར་སྲིད་སྐྱོང་གིས་ཁྲིམས་འཆར་དེའི་དམིགས་ཡུལ་དང་དངུལ་ཁང་འཛུགས་རྒྱུའི་ལས་འཆར་སྐོར་གསལ་བཤད་གནང་དོན།

“ཨ་རིའི་ (USAID) རོགས་དངུལ་འཐོན་གྲབས་ཡོད། རོགས་དངུལ་དེ་ཐོན་ན་ལོ་རྗེས་མར་ཨ་སྒོར་འབུམ་༥ དང་། དེ་ནས་ལོ་རེར་ཨ་སྒོར་ས་ཡ་༡ རེ་བུན་གཡར་བྱ་རྒྱུའི་ལས་གཞི་སྤེལ་རྒྱུ་ཡིན། དང་པོ་ (NBFC) ཞེས་པའི་དངུལ་ཁང་འཛུགས་དགོས་ཀྱི་ཡོད་པ་རེད།  ཕྱི་ལོ་༢༠༡༨ ལོར་དངུལ་ཁང་འབྲིང་བ་ཞིག་འཛུགས་རྒྱུར་རྒྱ་གར་གཞུང་གིས་བཀའ་ཁྲོལ་གནང་རྒྱུ་རེད། དེ་ལ་ལོ་གསུམ་རིང་ཞིབ་འཇུག་བྱས་ཚར་ཡོད་ལ། རོགས་དངུལ་ཡང་ཞུས་ཚར་བ་རེད། རོགས་དངུལ་འཐོན་གྲབས་ཡོད། ད་ལྟ་ནས་གོམ་པ་སྤོ་དགོས་སྟབས། ང་ཚོར་དངུལ་ཁང་སྐོར་ཤེས་མཁན་སུ་ཡོད། ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ནང་དུ་མེད། ཨ་རི་དང་ཡུ་རོབ་སོགས་ནས་ཁྱད་ལས་པ་ཞིག་གདན་འདྲེན་ཞུ་དགོས་བྱུང་ཚེ་དེར་ཆེ་མཐོང་ཡང་ཞུ་དགོས་པ་ཆགས་ཡོད་རེད་”ཅེས་སོགས་ཀྱི་གསལ་བཤད་གནང་ཡོད་པ་རེད།

དེ་བཞིན་སྲིད་སྐྱོང་གིས་ཆེད་ལས་པ་ཞིག་ལས་ཀར་གདན་འདྲེན་བྱེད་དགོས་ན། དེ་ལ་རྒྱུན་ལྡན་ལྟར་ལས་བྱེད་སྤྱི་མཚུངས་ཀྱི་ཡིག་ཚད་བཏང་ནས་ལེན་ཐབས་མེད་པ་དང་། ཆེད་ལས་པ་མང་པོ་ཞིག་ཡིག་ཚད་གཏོང་སར་ཡོང་གི་མེད་སྐོར་དང་འབྲེལ་གསལ་བཤད་གནང་དོན། “དེ་སྔའི་བཀའ་ཤག་ཤིག་གིས་ཨ་རིའི་གཞུང་ལ་ཨ་སྒོར་ས་ཡ་༨ ཐེངས་གཅིག་གནང་རོགས། དེ་གནང་བའི་རྗེས་ལ་ཨ་སྒོར་གཅིག་ཀྱང་ཞུ་རྒྱུ་མིན་ཞེས་ཡིག་ཐོག་ནས་འཆར་གཞི་ཕུལ་འདུག སྒོར་མོ་གཅིག་ཀྱང་རག་མི་འདུག དེ་བཞིན། ཡུ་རོབ་ལའང་འཆར་གཞི་ཕུལ་འདུག ཡུ་རོབ་ནས་རོགས་དངུལ་གནང་མཁན་གྱི་མཁས་པ་གདན་འདྲེན་ཞུས་ཏེ་ང་ཚོའི་ལས་བྱེད་ལ་འཆར་གཞི་དེའི་ཐོག་ཟབ་སྦྱོང་སྤྲོད་རོགས་ཞུས་པ་ཡིན། ཁོ་རང་གིས་བོད་མིའི་སྒྲིག་འཛུགས་ཀྱིས་འཆར་གཞི་ཕུལ་བ་དེ་ཐེངས་གཅིག་ལ་ཕུལ་བ་རེད་མ་གཏོགས། ཐེངས་གཉིས་ལ་ཕུལ་ཡོད་ན་བོད་མིའི་སྒྲིག་འཛུགས་(Blacklist)བྱེད་ངེས་རེད་དཱ། འཆར་གཞི་ཐེབས་ཆག་དེ་འདྲ་ཞིག འཆར་གཞི་ཕུལ་སྟངས་ཤེས་ཀྱི་མི་འདུག་ཟེར། ཉེ་བའི་ཆར་ནས་རོགས་དངུལ་རག་ཡོང་གི་རེེད། ང་ཚོ་ལ་སེམས་ཁྲལ་ཆེ་ཤོས་དེ་སྤྱིར་བཏང་རོགས་དངུལ་རག་རྒྱུ་ཁག་པོ་རེད་དེ། རག་ཚར་ན་ལག་བསྟར་དེ་ཁག་པོ་རེད། ད་ལྟ་༢༠༡༨ དང་༡༩ ལོར་དངུལ་ཁང་བཙུགས། དེ་ལམ་ལྷུང་མ་བྱུང་ན། ཨ་རིའི་གཞུང་གིས་ཁྱེད་རང་ཚོའི་འཆར་གཞི་བཞིན་ང་ཚོས་རོགས་དངུལ་སྤྲད་ཡོད་དེ། ལག་བསྟར་བྱེད་ཐུབ་མི་འདུག ཁྱེད་རང་ཚོར་མི་འགྲོ་མི་འདུག རོགས་དངུལ་བཅད་ཡིན་ལབ་ན། གཞུང་གིས་རོགས་དངུལ་བཅད་ན་བསྐྱར་དུ་རག་རྒྱུ་ཧ་ཅང་ཁག་པོ་རེད། དེ་སྔོན་རག་མི་འདུག ད་ལྟ་རག་ཡོང་གི་ཡོད་རེད། ལག་བསྟར་ཡག་པོ་བྱེད་དགོས་རེད་མ་གཏོགས། དངུལ་ཆད་འགྲོ་ཡི་རེད། མི་སྒེར་ལ་རོགས་དངུལ་ཞུས་པ་དང་། ཚོགས་པ་ཁག་ལ་དངུལ་ཞུས་པར་ཁྱད་པར་ཡོད་རེད། ཁག་པོ་ཡོད་རེད་དེ་བསྐྱར་དུ་ཞུ་རྒྱུ་ཡོད་རེད། གཞུང་གི་དངུལ་དེ་གཞུང་གི་སྙན་ཐོ་ནང་སླེབས་ཚར་དུས་ཧ་ཅང་ཁག་པོ་ཡོད་པ་རེད།   ད་ལྟ་དངུལ་ཡོང་གི་ཡོད་པ་དེས་དངུལ་ཁང་འཛུགས་དགོས་ཀྱི་ཡོད་པ་རེད། དངུལ་ཁང་དང་འབྲེལ་བའི་ལས་བྱེད་ང་ཚོའི་ནང་ཡོད་པ་མ་རེད། དངུལ་ཁང་ནང་ལས་ཀ་བྱེད་མྱོང་མཁན་ཞིག་དགོས་རེད། དེ་ལ་ང་ཚོས་དམིགས་བསལ་གྱིས་ཉུང་ཤས་ཤིག་བསྐོས་ན་ཟེར་གྱི་ཡོད་རེད་”ཅེས་དང་། དེ་བཞིན་ལས་བྱེད་དེ་གཞུང་ཞབས་བྱེད་འདོད་ཡོད་ན། འདེམས་བསྐོས་ལྷན་ཁ་བརྒྱུད་ཡིག་ཚད་བཏང་སྟེ་ཡོང་དགོས་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།

དེ་བཞིན་ཁོང་གིས་དངུལ་ཁང་བཙུགས་ཐུབ་སོང་ན། མ་འོངས་པར་རིགས་གཅིག་རྐང་འཛིན་གྱི་ཆེད་ལས་སློབ་སྦྱོང་བྱེད་མཁན་དང་། ཚོང་རྒྱག་མཁན། ཞིང་ལས་བྱེད་མཁན་ཚང་མར་དངུལ་བུན་གཡར་ཆོག་པ་དང་། བོད་མི་སྒེར་དང་དགོན་སྡེ་སོགས་ལ་དངུལ་བཅོལ་ས་ཡོད་པ་ཆགས་རྒྱུ་ཡིན་སྐོར་ཡང་འགྲེལ་བརྗོད་གནང་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share on Facebook45Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 14

Leave a Reply