བཙན་བྱོལ་བོད་མིའི་གནས་སྟངས་གཞིར་བཞག་གི་སྒྲུང་དེབ་པར་སྐྲུན།

རྒྱ་གར་གྱི་རྩོམ་པ་པོ་ཞིག་གིས་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གནས་སྟངས་ལ་གཞིར་བཞག་གིས། སྒྲུང་དེབ་གཅིག་བརྩམས་ནས་ཉེ་ཆར་པར་སྐྲུན་བྱས་འདུག རྩོམ་པ་པོས་སྒྲུང་གི་བརྒྱུད་ནས་ཀློག་པ་པོ་རྣམས་ལ་བཙན་བྱོལ་བོད་མི་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་གྱི་གོ་རྟོགས་བསྐྲུན་ཐབས་བྱས་ཡོད་སྐོར་བརྗོད་སོང་།

ཟླ་༧ པའི་ཚེས་༢༣ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཉེ་འགྲམ་གྱི་ནོའི་ཌ་གྲོང་ཁྱེར་དུ། རྒྱ་གར་གྱི་རྩོམ་པ་པོ་སྐུ་ཞབས་པི་ན་ཀི་ཀན་ས་བྷ་ནིག་(Pinakie Kansabanik)གིས་བརྩམས་ཤིང་། ཨོཾ་ཇི་(OMJI)པར་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གནས་སྟངས་ལ་གཞིར་བཞག་གི་སྒྲུང་དེབ་རི་བོ་ནས་མན་ཧེ་ཏེན་ (Mountains to Manhattan )(ཨ་རིའི་ནིའུ་ཡོག་མངའ་སྡེའི་གྲོང་སྡེ་ཞིག་གི་མིང་)”ཞེས་པའི་སྒྲུང་དེབ་དབུ་འབྱེད་བྱས་ཡོད་འདུག

འདི་གའི་གསར་འགོད་པས་རྩོམ་པ་པོ་སྐུ་ཞབས་པི་ན་ཀི་ཀན་ས་བྷ་ནིག་ལ་ཁོང་གིས་བོད་ཀྱི་གནད་དོན་ལ་རྒྱུས་ལོན་གང་འདྲ་བྱུང་ཡོད་དམ་ཞེས་དྲིས་པས། ཁོང་གིས་རང་ཉིད་རྒྱ་གར་བྱང་ཕྱོགས་རྡོ་རྗེ་གླིང་གི་སི་ལི་གུ་རིར་སྐྱེས་ནས་འཚར་ལོངས་བྱུང་ཡོད་པ་དང་། ལོ་ན་༢༡ སོན་སྐབས་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་གི་བཀྲ་ཤིས་རྣམ་རྒྱལ་སློབ་གྲྭར་ལོ་གཅིག་རིང་དགེ་རྒན་བྱས་ཡོད་པ། ལོ་ངོ་མང་པོ་ཞིག་གི་རིང་བོད་པ་དང་བོད་ཀྱི་རིག་གཞུང་ཁྲོད་དུ་འཚར་ལོངས་བྱུང་བས་ཤུགས་རྐྱེན་ཆེན་པོ་ཐེབས་པ། རྡོ་རྗེ་གླིང་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་ཏུ་བལྟ་རུ་ཕྱིན་ནས་བོད་མིའི་དཀའ་ངལ་ཤེས་རྟོགས་བྱུང་ཡོད་པ། དེ་རྗེས་བོད་དང་འབྲེལ་བའི་དེབ་མང་པོ་བཀླགས་ནས་ཞིབ་འཇུག་བྱས་སྐབས། བོད་མིའི་དཀའ་ངལ་དང་འབྲེལ་བའི་སྒྲུང་དེབ་གཅིག་ཀྱང་མེད་པ་ཤེས་ནས། ཟླ་༧ ནས་༨ བར་ལ་དཀའ་ལས་བརྒྱབ་ནས་སྒྲུང་དེབ་འདི་བྲིས་པ་ཡིན་སྐོར་བརྗོད་བྱུང་།

དེ་བཞིན་ཁོང་གིས་སྒྲུང་དེབ་འདི་བརྒྱུད་ནས་ཀློག་པ་པོ་ཚོར་རྒྱ་གར་ནང་དུ་ཡོད་པའི་བཙན་བྱོལ་བོད་མི་ཚོར་འཕྲད་བཞིན་པའི་དཀའ་ངལ་དང་། དེ་བཞིན་སྐྱབས་བཅོལ་ལག་དེབ་དང་ཕྱི་བསྐྱོད་ལག་དེབ་སེར་པོ། རྒྱ་གར་ཁམས་པ་(རྒྱ་གར་དང་བོད་མི་འདྲེས་པའི་མི་རིགས)། རྒྱ་གར་དམག་གི་སྒྲིག་འཛུགས་ནང་ཡོད་པའི་བོད་པའི་དམག་གི་རུ་ཁག་སོགས་ཀྱི་ཐོག་ལ་གོ་རྟོགས་སྤེལ་ཡོད་སྐོར་བརྗོད་བྱུང་།

བརྩམས་སྒྲུང་དེའི་ནང་གི་མི་སྣ་གཙོ་བོ་ནི་རྒྱ་གར་ནང་དུ་བཙན་བྱོལ་བོད་མིའི་ཕ་མ་གཉིས་ལ་སྐྱེས་པའི་བུད་མེད་བསྟན་འཛིན་ལྷ་མོ་ཡིན་འདུག་པ་དང་། མོ་རང་གིས་རྒྱ་གར་གྱི་གཞོན་སྐྱེས་གཞན་དང་འདྲ་བར་རང་ཉིད་ཀྱི་དམིགས་ཡུལ་སྒྲུབ་པར་འགྲོ་སྐབས། རང་ཉིད་ཀྱི་བཙན་བྱོལ་གནས་བབས་དང་འབྲེལ་བའི་དཀའ་ངལ་འཕྲད་ནས། རང་ཉིད་ཀྱི་ངོ་བོ་དང་རང་ལ་བདག་པའི་རྒྱལ་ཁབ་གཅིག་འཚོལ་ཆེད་ཨ་རིར་སྐྱབས་བཅོལ་དུ་བསྐྱོད་པའི་སྐོར་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 238

Leave a Reply