བཟང་ཕྱོགས་ཀྱི་རེ་བ་གང་ཡང་མེད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༦༩ ཕྱི་ལོ་ ༢༠༡༧/༡༠ /༡༨

གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་བཞུགས་སྒར་དྷ་རམ་ལ་ས་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས། “ཞི་ཅིན་ཕིན་ལ་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་རྒྱུའི་རེ་བ་མེད་”ཅེས་བརྗོད་འདུག་ལ། དོན་དུའང་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་ཞི་ཅིན་ཕིན་གྱིས་བོད་ལ་བཟང་ཕྱོགས་ཀྱི་ཐོག་ནས་འགྱུར་བ་ཆེན་པོ་ཞིག་གཏོང་རྒྱུའི་རེ་བ་གང་ཡང་མེད་པར། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་བརྗོད་པ་དེ་དོན་ལ་གནས་པའི་སྐད་ཆ་ཞིག་རེད། དེར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ཁག་ཅིག་གིས་རེ་བ་ཞིག་ཡོད་ཚུལ་བརྗོད་པ་དེ་ནི། བོད་པའི་སྲོལ་རྒྱུན་གྱི་རེ་བ་ཙམ་ལས་དམིགས་བསལ་གྱི་རྒྱུ་མཚན་ཡོད་པ་ཞིག་ཕལ་ཆེར་ཡིན་ཚོད་མ་རེད། གང་ལྟར་རྒྱ་ནག་གཞུང་གིས་བོད་ལ་ཅིག་གནང་ཡོང་བའི་རེ་བ་གང་ཡང་མེད་པར་གནད་དོན་དེར་ཧ་ལས་དགོས་པ་ཞིག་གང་ཡང་མ་རེད། འོན་ཀྱང་དེ་བས་བོད་པ་རང་ངོས་ནས་མ་འོངས་པར་བོད་དོན་འཐབ་རྩོད་བྱེད་པའི་རེ་བ་དང་ནུས་པ་ཞིག་ཡོད་དང་མེད་དེ་ཆེས་གལ་གནད་ཆེ་ཤོས་ཀྱི་གནད་དོན་ཞིག་ཏུ་གྱུར་ཡོད།

རྒྱ་ནག་གཞུང་གི་ངོས་ནས་བོད་ཡུལ་ཡོངས་རྫོགས་དབང་བསྒྱུར་བྱས་ཡོད་པ་དང་། བོད་མི་ཡོངས་རྫོགས་དམ་དྲག་དང་གནོན་ཤུགས་ཀྱི་འོག་ཏུ་བཙུད་ཡོད་སྟབས། མ་འོངས་པར་ཡང་མུ་མཐུད་བོད་དབང་བསྒྱུར་བྱེད་པ་ལས། གུ་ཡངས་དང་གཅེས་སེམས་ཀྱི་ཐོག་ནས་བོད་ལ་འགྱུར་བ་བཟང་ཕྱོགས་ནས་གཏོང་གི་མ་རེད། དེ་ལ་རེ་བ་ཞིག་རྒྱག་དགོས་ན་བོད་པ་རང་ངོས་ནས་ནུས་པ་དང་ཤུགས་རྐྱེན་ཡོད་པ་ཞིག་བྱེད་ཐུབ་དགོས་པ་མ་གཏོགས། ང་ཚོ་ལ་ནུས་པ་དང་རེ་བ་གང་ཡང་མེད་པར་གྱུར་ཟིན་པའི་རྗེས་སུ་རྒྱ་གཞུང་ལ་རེ་བ་རྒྱག་ཡུལ་ཞིག་གཏན་ནས་ལྷག་མེད་པ་ཚང་མས་ཤེས་གསལ་རེད། བོད་ནང་ལ་མཚོན་ན་བོད་ཀྱི་རྩ་དོན་གྱི་ཆེད་དུ་བློས་གཏོང་འདྲ་མིན་སྣ་ཚོགས་ཤིག་བྱས་དང་བྱེད་བཞིན་ཡོད་པ་དང་། བོད་ཀྱི་སྐད་ཡིག་རིག་གནས་སྲུང་སྐྱོབ་ཀྱི་ཆེད་དུའང་ནུས་པ་ཧ་ཅང་ཆེན་པོ་ཞིག་འདོན་བཞིན་ཡོད་པ་དེ། བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་རེ་བ་ཉག་གཅིག་དེ་ཡིན་པ་ལས། བཙན་བྱོལ་དུ་ཡོད་པའི་བོད་མི་དག་གི་བསམ་སྤྱོད་གང་ཐད་ནས་ད་ལྟའི་གནས་སྟངས་ལ་བལྟས་ན་རེ་བ་ཡོད་པ་ཞིག་ཕལ་ཆེར་མ་རེད།

དེའི་རྒྱུ་རྐྱེན་གཙོ་བོ་དང་བཙན་བྱོལ་བོད་མི་སྤྱི་ཡོངས་ནས་རང་གཞན་རོགས་གསུམ་ཚང་མས་སྤྱི་དོན་ལ་བསམ་བློ་གཏོང་སྟངས་སྐྱོ་ནས་སྐྱོ་རུ་འགྲོ་བཞིན་ཡོད་པ་ཡིན་ངེས་རེད་ལ། དེ་ལྟ་བུར་འགྱུར་བའི་རྒྱུ་རྐྱེན་འདྲ་མིན་སྣ་ཚོགས་ཤིག་རིམ་པས་བྱུང་ཡོད་པ་དང་། གཙོ་བོ་འདས་མ་ཐག་པའི་སྲིད་སྐྱོང་གི་འོས་བསྡུའི་རྩོད་རྙོག་ནི། བཙན་བྱོལ་བོད་པའི་སྤྱི་ཚོགས་ཁ་འཐོར་དགུ་འཐོར་དུ་འགྱུར་བའི་རྒྱུ་རྐྱེན་སྡུག་ཤོས་སུ་གྱུར་སོང་། དེ་ཡང་ཆོལ་ཁ་ཙམ་གྱི་གནད་དོན་མ་ཡིན་པར་སྤྱི་ཡོངས་ནས་ཕྱོགས་འཐེན་གྱི་རྣམ་པ་ཧ་ཅང་རྒྱ་ཆེན་པོ་ཆགས་ཡོད། སྐབས་དེར་རང་བཙན་དང་ལམ་དབུ་མའི་ལངས་ཕྱོགས་ཀྱི་རྩོད་པ་ནི། རྩོད་གཞི་དེའི་ནང་དུ་སླེབས་མེད་ལ། རྩོད་པ་དེའི་ཕྱོགས་སོ་སོའི་ཇུས་འགོད་པ་དང་། སློབ་སྟོན་པ་སོགས་ཀྱང་ཚང་མ་ལམ་དབུ་མའི་ལངས་ཕྱོགས་ང་ལས་ཁོ་ཡག་རྩོད་མཁན་གྱི་མི་སྣ་འབའ་ཞིག་ཡིན་ལ། རྩོད་རྙོག་འདིའི་ནང་དུ་བཙན་བྱོལ་བོད་པའི་གནད་ཡོད་མི་སྣ་རུ་འབོད་པ་དག་མ་ཚུད་པ་ཞིག་གཏན་ནས་མེད་ཅེས་བརྗོད་ནའང་ཁ་ཕོ་རུ་གྱུར་མེད། དེར་བརྟེན་དོན་དངོས་སུ་བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་དུམ་བུ་གཉིས་སུ་འགྱུར་རྒྱུའི་མགོ་ཚུགས་ཡོད།

དེ་ནས་བཟུང་བཀའ་ཟུར་རྣམ་པ་དང་བཀའ་ཤག་བར་གྱི་འཐབ་རྩོད། སྤྱི་འཐུས་ནང་ཁུལ་གྱི་ཕྱོགས་འཐེན། གཞུང་ཞབས་ལས་བྱེད་པའི་ནང་དུའང་ཕྱོགས་འཐེན་གྱི་རྩོད་པ་དེའི་ནང་དུ་མངོན་གསལ་དོད་པོ་བྱེད་མཁན་མང་པོ་བྱུང་ཡོད་ལ། ཉེ་ཆར་ལྔ་དང་ལྔ་བཅུ་ཞེས་པའི་ཚོགས་འདུ་ཡང་དོན་གྱིས་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་མ་འོངས་པའི་ལོ་ལྔ་བཅུ་དང་ལོ་ལྔའི་གྲ་སྒྲིག་དང་འབྲེལ་བའི་གནད་དོན་གྱི་ཐོག་ལ་མ་སོང་བར། བཀའ་ཟུར་རྣམ་པས་གཙོས་ཚོགས་ཞུགས་པ་རྣམས་ཀྱིས་ལོ་སྔོན་མའི་རྩོད་རྙོག་གི་སྣེ་མོ་རུ་ཤི་འཐམས་རོ་འཐམས་བྱས་ཡོད་ཚུལ་གོ་རྒྱུ་འདུག དེ་བཞིན་དོན་གཅོད་ཁག་གི་ཚོགས་འདུ་ཡང་དེ་དང་གཅིག་མཚུངས་ལྟ་བུ་ཞིག་བྱུང་ཡོད་ཚུལ་གོ་རྒྱུ་ཡོད་པ་མ་ཟད། དངོས་བདེན་ཡིན་མིན་ལ་མ་ལྟོས་པར་བོད་རྒྱ་ཞི་མོལ་གྲ་སྒྲིག་ལས་དོན་ཚོགས་འདུ་དེའི་ནང་དུའང་ན་ཚ་དེའི་ཤུགས་རྐྱེན་ལྟ་བུ་ཡོད་པའི་གནས་ཚུལ་ཡོད་པའང་གོ་རྒྱུ་འདུག དེར་བརྟེན་གནད་དོན་འདི་བཙན་བྱོལ་བོད་པ་ལ་མཚོན་ན་ཧ་ཅང་སྟབས་མི་ལེགས་པ་ཞིག་ཡིན་པ་དང་། གནད་དོན་འདི་ལྟ་བུ་མུ་མཐུད་དུ་སོང་ན་བོད་དོན་འཐབ་རྩོད་ལ་རེ་བ་ཞིག་རྒྱག་ཡུལ་ཕལ་ཆེར་མེད་ཚོད་རེད་ཅེས་བརྗོད་ཆོག

མདོར་ན་བཙན་བྱོལ་བོད་པའི་གྲངས་མང་ཉུང་དང་། སྟོབས་འབྱོར་ཆེ་ཆུང་ལ་མ་ལྟོས་པར་གུ་ཡངས་དང་མཐུན་སྒྲིལ་ཡོད་པའི་སྤྱི་ཚོགས་ཤིག་ཆགས་སོང་ན། གཞི་ནས་རེ་བ་ཅུང་ཙམ་རྒྱག་ཆོག ཁ་ནས་གཅིག་སྒྲིལ་མི་ཤོད་མཁན་གཅིག་ཀྱང་མེད་མོད། དོན་དུ་གཅིག་སྒྲིལ་བྱེད་མཁན་ཞིག་དེ་དག་གི་ནང་དུ་ཕལ་ཆེར་མེད་པ་ལྟ་བུར་གྱུར་སོང་ན། དོན་གྱིས་རྒྱ་ནག་གིས་འགྲོ་སོང་བཏང་། ཐབས་བྱུས་འཐེན་ནས་བཙན་བྱོལ་སྤྱི་ཚོགས་འདི་གཏོར་མི་དགོས་པར། བཙན་བྱོལ་བོད་མི་རང་ངོས་ནས་ངན་འཐོར་བྱེད་མི་སྲིད་པ་མིན་པའི་གནས་སྟངས་ཤིག་ད་ལྟ་མིག་མདུན་དུ་ལྷགས་ཡོད། དམའ་རིམ་སྤྱི་ཚོགས་ཀྱི་རྩོད་རྙོག་ཙམ་ཡིན་ན། གོང་རིམ་ནས་ལམ་སྟོན་སྟངས་འཛིན་བྱེད་ཆོག་ཀྱང་། ད་ལྟ་ན་ཚ་དེའི་སྣེ་མོ་རུ་ཧུར་བརྩོན་བྱེད་མཁན་ནི་གནད་ཡོད་མི་སྣ་འབའ་ཞིག་ཡིན་པས། རི་ཆེན་པོ་རླུང་གིས་ཁུར་ན་དེ་གནོན་བྱེད་ཀྱི་རྡོ་མེད་པ་དང་། ཆུ་ཆེན་པོ་ལ་མེ་འབར་ན་དེ་གསོད་བྱེད་ཀྱི་ཆུ་མི་རྙེད་པའི་དཔེ་བཞིན་གནས་སྟངས་འདི་དག་རྟ་ཁ་གཡང་ས་ནས་སྒྱུར་མ་ཐུབ་ན་བཟང་ཕྱོགས་ནས་རེ་བ་གང་ཡང་མེད་པ་ལྟ་བུར་གྱུར་འདུག་སྙམ།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||