བུད་མེད་ཉིན་མོ་ཞིག་མི་དགོས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༦༥  ཕྱི་ལོ་ ༢༠༡༧/༩ /༢༠

བཀའ་ཤག་གིས་ལོ་ལྟར་ཕྱི་ཟླ་༣ ཚེས་༡༢ དེ་བོད་ཀྱི་བུད་མེད་ཉིན་མོར་གཏན་འབེབས་ཀྱིས་སྲུང་བརྩི་ཞུ་དགོས་པའི་བཀོད་ཁྱབ་ལོ་འདིའི་ལོ་སྟོད་དུ་བཏང་ཡོད་པ་དང་། ཕྱི་ཟླ་༣ པའི་སྔོན་རྩིས་གྲོས་ཚོགས་ནང་དེའི་སྐོར་བགྲོ་གླེང་མང་པོ་སྔ་རྗེས་སུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ཀྱང་ཚོར་ཤུགས་ཆེན་པོས། བུད་མེད་སྒེར་ལངས་ཀྱི་ཉིན་མོ་དེ་ཉིད་བོད་ཀྱི་བུད་མེད་ཀྱི་ཉིན་མོར་གཏན་འབེབས་བྱས་པ་དེ་མི་འགྲིག་ཚུལ་སྤྱི་འཐུས་རེ་རེ་བཞིན་ཡིག་ཐོག་ནས་སྙན་ཞུ་ཕུལ་ཡོད་ཚུལ་འདུག་པ་དང་། དེ་མཚུངས་བཀའ་ཤག་ལའང་སྙན་ཞུ་ཕུལ་ཡོད་ཚུལ་འདུག བཀའ་ཤག་གི་ངོས་ནས་ཉིན་མོ་དེར་འགྱུར་བ་གཏོང་ཐབས་མེད་པའི་ལན་འདེབས་གནང་ཡོད་པ་སོགས། ལོ་འདིར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་བུད་མེད་ཉིན་མོ་དང་འབྲེལ་བའི་ཐོག་ལས་འགུལ་མང་པོ་ཞིག་སྤེལ་སོང་བ་དང་། ད་ལྟའང་གྲོས་ཚོགས་འཚོགས་བཞིན་པའི་སྐབས་འདིར་སྤྱི་འཐུས་རེ་རེ་བཞིན་རྒྱབ་སྐྱོར་དགོས་པའི་འགྲེལ་བརྗོད་དང་བཅས་སྙན་ཞུ་འབུལ་བཞིན་ཡོད་འདུག གང་ལྟར་བཀའ་ཤག་གིས་བུད་མེད་ཉིན་མོ་གཏན་འབེབས་གནང་བ་དེ་ནི་བུད་མེད་ལྷན་ཚོགས་ཀྱི་འདོད་པ་དང་མཐུན་མེད་པ་གསལ་པོ་རེད།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་༣ པའི་༡༢ ནི། ཕྱི་ལོ་༡༩༥༩ ཟླ་༣ ཚེས་༡༢ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་ཀྱི་བུད་མེད་རྣམས་ཀྱིས་རྒྱ་དམར་གཞུང་གི་བཙན་འཛུལ་དྲག་གནོན་ལ་ངོ་རྒོལ་སྐད་འབོད་བྱས་པ་དེ། བོད་ཀྱི་ཆབ་སྲིད་ཀྱི་ཐོག་ནས་ཉིན་མོ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། ཉིན་དེར་བོད་ཀྱི་བུད་མེད་ཉིན་མོར་གཏན་འབེབས་བྱས་ནས་སྲུང་བརྩི་ཞུས་པ་ཡིན་ན། ཆབ་སྲིད་ལས་འགུལ་གྱི་ཐོག་ནས་གལ་ཆེ་བའི་ཉིན་མོ་དེ། མ་འོངས་པར་སྤྲོ་སྐྱིད་ཀྱི་ཉིན་མོ་ཞིག་ཏུ་འགྱུར་འགྲོ་བ་ནི་ཆེས་བློ་འཚབ་ཀྱི་རང་བཞིན་ཡིན་པས། བུད་མེད་སྒེར་ལངས་དང་བུད་མེད་ཉིན་མོ་གཉིས་དུས་གཅིག་ཏུ་ཡོང་རྒྱུར་མོས་མཐུན་མེད་པ་མ་ཟད། གལ་སྲིད་ཉིན་མོ་དེར་འགྱུར་བ་མ་བཏང་ན་མ་འོངས་པར་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་བོད་ཀྱི་བུད་མེད་ཀྱི་ཉིན་མོ་དེར་ངོས་ལེན་ཞུ་རྒྱུ་མིན་ཞེས་བརྗོད་བཞིན་ཡོད་པ་རེད། བཀའ་ཤག་གི་ངོས་ནས་ག་རེ་གསུང་གི་ཡོད་མེད་གསལ་པོ་ཤེས་རྟོགས་མ་བྱུང་ཡང་། ད་ལྟ་ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཡིན་སྟབས། བོད་ཀྱི་བུད་མེད་ཀྱི་ཉིན་མོ་ཞིག་གཏན་འབེབས་སྲུང་བརྩི་བྱེད་དགོས་ན་༣ པའི་༡༢ ལས་ལྷག་པའི་ཉིན་མོ་ཞིག་རྙེད་ཐབས་མེད་པས་ཡིན་སྲིད།

ད་ལྟ་བཀའ་ཤག་གི་ངོས་ནས་དུས་ཚོད་དེར་འགྱུར་བ་གཏོང་རྒྱུ་མིན་པའི་ལན་འདེབས་གནང་ཡོད་པ་དང་། བུད་མེད་ལྷན་ཚོགས་ཀྱི་ངོས་ནས་འགྱུར་བ་གཏོང་དགོས་པའི་འབོད་སྐུལ་བཀའ་ཤག་ལ་ཞུས་ཡོད་པ་མ་ཟད། སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་མི་རེ་ངོ་རེ་བཞིན་བཅར་ནས་དུས་ཚོད་དེ་འགྱུར་བ་གཏོང་ཐབས་ཡོང་བའི་འབོད་སྐུལ་ཡིག་ངག་གཉིས་ཐོག་ནས་ཞུ་བཞིན་ཡོད་པ་རེད། ཕྱོགས་གཉིས་ཀྱི་ངོས་ནས་རྩ་བའི་ཆ་ནས་འགལ་བའི་རྣམ་པ་དེ་སེལ་མི་ཐུབ་པ་ཞིག་མིན་ནའང་། བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ནང་ཁུལ་ཤོག་འཐེན་དང་། དཔུང་ཁག་ལྟ་བུའི་རྣམ་པ་ཞིག་གི་ཐོག་ནས་ཡོང་གི་ཡོད་པ་ལྟ་བུ་འདུག་པས། མུ་མཐུད་ཕྱོགས་གཉིས་ཐད་ནས་མཁྲེགས་འཛིན་བྱེད་སྲིད་པའི་རྣམ་པ་གསལ་པོ་འདུག གནད་དོན་འདི་ནི་རྩ་བས་རྩོད་རྙོག་ཆེན་པོ་ཆགས་སྲིད་པའི་དོན་དག་ཅིག་གང་ཡང་མིན་ནའང་། གནས་སྐབས་དྷ་ས་ཁུལ་གྱི་ལྷིང་འཇགས་དཀྲོག་བྱེད་ཀྱི་དྲིལ་བརྡ་ཆུང་ཆུང་ཞིག་ཏུ་ངོས་འཛིན་བྱེད་ཆོག དེར་བརྟེན་གླེང་ཕྱོགས་འདི་ལྟ་བུའང་ཁོར་ཡུག་འདིར་མཚོན་ན་དགོས་ངེས་ཤིག་ཏུ་ངོས་འཛིན་བྱེད་མཁན་ཡོད།

བཀའ་ཤག་གི་ངོས་ནས་ཉིན་མོ་འདི་གཏན་འབེབས་གནང་དགོས་པའི་རྒྱུ་མཚན་གཙོ་བོ་བུད་མེད་ཀྱི་ནུས་ཤུགས་སྤེལ་བའི་སྲིད་བྱུས་དང་འབྲེལ་བ་ཡོད་པ་ཞིག་ཡིན་ལ། དེ་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་གྲོས་ཚོགས་ནང་གསལ་བཤད་རིམ་པ་གནང་ཡོད། བུད་མེད་ལྷན་ཚོགས་ཀྱི་ངོས་ནས་བུད་མེད་སྒེར་ལངས་དང་། བུད་མེད་ཉིན་མོ་གཉིས་དུས་གཅིག་ཏུ་མི་རུང་བའི་རྒྱུ་མཚན་གཙོ་བོ་ཆབ་སྲིད་ཀྱི་གལ་གནད་ཆེ་བའི་ཉིན་མོ་དེ་སྤྲོ་སྐྱིད་ཀྱི་ཉིན་མོ་ཞིག་ཏུ་འགྱུར་རྒྱུའི་སེམས་འཚབ་ཡོད་ཚུལ་ཡིག་ངག་གཉིས་ཐོག་ནས་བརྗོད་འདུག དེར་བརྟེན་སྤྲོ་སྐྱིད་ཀྱི་ཉིན་མོ་ཞིག་གསར་གཏོད་བྱས་པ་ཙམ་གྱིས་བོད་ཀྱི་བུད་མེད་ཀྱི་ནུས་ཤུགས་གོང་མཐོར་འགྲོ་རྒྱུར་ཕན་ཐོགས་ཡོད་པ་ཞིག་ཏུ་འགྱུར་དཀའ་བ་དང་། དེ་བས་ཀྱང་བུད་མེད་ལྷན་ཚོགས་ཀྱིས་བརྗོད་པ་བཞིན་ཆབ་སྲིད་ཀྱི་ཐོག་ནས་གལ་གནད་ཆེ་བའི་ཉིན་མོ་དེ་སྤྲོ་སྐྱིད་ཀྱི་ཉིན་མོ་ཞིག་འགྱུར་མི་རུང་བ་ནི་དེ་བས་ཀྱང་གལ་ཆེ་ཤོས་སུ་གྱུར་ཡོད། དེར་བརྟེན་བོད་ཀྱི་བུད་མེད་ཀྱི་ཉིན་མོ་ཟེར་བ་ཞིག་དོན་གྱིས་དགོས་མཁོ་གང་ཡང་མེད་པ་ཤེས་ཐུབ་པ་ཞིག་རེད།

ཁ་ཤས་ཀྱིས་༣ པའི་༨ དེ་རྒྱལ་སྤྱིའི་བུད་མེད་ཉིན་མོ་ཡིན་སྟབས་ཉིན་དེ་རང་དུ་གཏན་འཁེལ་དགོས་ཚུལ་བརྗོད་མཁན་འདུག་ཀྱང་། ཉིན་མོ་དེ་རྒྱལ་སྤྱིའི་བུད་མེད་ཀྱི་ཉིན་མོ་ཡིན་པས་དེའི་ནང་དུ་བོད་ཀྱི་བུད་མེད་ཀྱང་ཚུད་ཡོད་སྟབས། དམིགས་བསལ་བོད་པས་གཏན་འབེབས་བྱེད་དགོས་དོན་གང་ཡང་མེད་པར་བུད་མེད་ཉིན་མོ་ཡིན་ཡིན་པ་རེད། གང་ལྟར་བཀའ་ཤག་གིས་བོད་ཀྱི་བུད་མེད་ཀྱི་ཉིན་མོ་དེ་བུད་མེད་ཀྱི་ནུས་སྟོབས་སྤེལ་བའི་ཆ་རྐྱེན་ཞིག་ཏུ་ངོས་འཛིན་གྱིས་གཏན་འབེབས་གནང་བ་ཡིན་ཡང་། དོན་དུ་སྤྲོ་སྐྱིད་ཀྱི་ཉིན་མོ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་བུད་མེད་ལྷན་ཚོགས་ཀྱི་འགྲེལ་བརྗོད་ལ་བལྟས་ན་རྟོགས་ཐུབ་པས། ད་ལྟ་བོད་ཀྱི་ཛ་དྲག་གནས་སྟངས་ལ་གཞིགས་ནས་བལྟས་ན་སྤྲོ་སྐྱིད་ཀྱི་ཉིན་མོ་ཞིག་དམིགས་བསལ་གྱིས་དགོས་དོན་གང་ཡང་མི་འདུག གཞན་ཡང་བོད་ཀྱི་བུད་མེད་ཉིན་མོ་ཞིག་ཡོད་ན། བོད་ཀྱི་སྐྱེས་པའི་ཉིན་མོ་དང་། བོད་ཀྱི་གྲྭ་པའི་ཉིན་མོ། བཙུན་མའི་ཉིན་མོ་སོགས་ཉིན་མོ་མང་པོ་ཞིག་དགོས་པ་ལྟ་བུར་ཡང་འགྱུར་སྲིད་འགྱུར་སྲིད་པས་བུད་མེད་ཉིན་མོ་ཞེས་ཕྱིར་འཐེན་གནང་རན་འདུག།།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 123

Leave a Reply