བུད་མེད་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཆེན་མཇུག་བསྡོམས།

བོད་མིའི་སྒྲིག་འཛུགས་ཀྱིས་བུད་མེད་ནུས་སྟོབས་གོང་སྤེལ་ཆེད་སྲིད་ཇུས་གཏན་འབེབས་བྱེད་མཁན་བུད་མེད་ནང་ནས་ལས་བྱེད་གནས་རིམ་མཐོ་གྲས་དྲུང་ཆེ་དང་དྲུང་གཞོན་གྱི་སློབ་སྟོན་ཚོགས་ཆུང་ཞིག་བཙུགས་ཡོད་པ་རེད།

_MG_8209ཟླ་འདིའི་ཚེས་༢༣ ཉིན་དྷ་ས་སྨན་རྩིས་ཁང་གི་ཚོགས་ཁང་དུ་འཚོགས་པའི་བོད་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཆེན་ཐེངས་དང་པོ་མཇུག་བསྡོམས་ཀྱི་མཛད་སྒོ་འཚོགས་པ་དང་། མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་དང་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་གཉིས་ཀྱིས་གསུང་བཤད་གནང་ཡོད་པ་རེད།

སྲིད་སྐྱོང་བློ་བཟང་སེང་གེས་ཐེངས་འདིའི་ཚོགས་ཆེན་ཐོག་གནས་ཚུལ་ཡག་པོ་གསུམ་ཡོད་པའི་གཅིག་ནི་༧གོང་ས་མཆོག་གིས་ཚོགས་བཅར་བར་མཇལ་ཁ་གནང་བ་དང་བཀའ་སློབ་ལམ་སྟོན་གནང་རེད། གཉིས་པ་བོད་ཀྱི་ཟློས་གར་ཁང་གིས་བུད་མེད་ནུས་སྟོབས་གོང་སྤེལ་དང་འབྲེལ་བའི་ཆེད་དུ་གླུ་གཞས་ཤིག་བཟོས་ཡོད་པ། གསུམ་པ་བོད་མིའི་སྒྲིག་འཛུགས་ཀྱིས་བུད་མེད་ནུས་སྟོབས་གོང་སྤེལ་ཆེད་སྲིད་ཇུས་གཏན་འབེབས་བྱེད་མཁན་བུད་མེད་ནང་ནས་ལས་བྱེད་གནས་རིམ་མཐོ་གྲས་དྲུང་ཆེ་དང་དྲུང་གཞོན་གྱི་སློབ་སྟོན་ཚོགས་ཆུང་ཞིག་བཙུགས་ཡོད་སྐོར་འགྲེལ་བརྗོད་གནང་སོང་། དེ་བཞིན་ཁོང་གིས་ད་ལྟ་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཆེད་བུད་མེད་འགོ་ཁྲིད་དགོས་སྐོར་གྱི་བསམ་ཚུལ་འདོན་མཁན་མང་པོ་ཡོད་པས། གཙོ་བོ་ས་གནས་འགོ་འཛིན་གྱི་འགན་ཁུར་མཁན་མེད་པའི་དཀའ་ངལ་བྱུང་སྐོར་དང་། བུད་མེད་ཚོ་ས་གནས་འགོ་འཛིན་དུ་བསྐོས་ན་དཀའ་ངལ་འདྲ་མིན་བཤད་ནས་འགན་ཁུར་བར་འགྲོ་མཁན་མེད་སྐོར། དེ་བཞིན་དྲུང་ཆེར་སླེབས་རྒྱུར་ལས་བྱེད་ནང་ཞུགས་ནས་གནས་རིམ་བཞིན་འགྲོ་དགོས་པས། མ་འོངས་པར་བུད་མེད་གང་མང་ལས་བྱེད་ནང་དུ་ཞུགས་ཐུབ་དགོས་སྐོར་གསུངས་སོང་།

_MG_8194ཐེངས་འདིའི་ཚོགས་ཆེན་ཐོག་ཚོགས་བཅར་བ་སུམ་བརྒྱ་ལྷག་ཡོད་པའི་ནང་ནས་མང་ཆེ་བ་བུད་མེད་ཡིན་པ་དང་། སྔ་དྲོ་ཆེད་ལས་པ་དང་མཉམ་མྱོང་ཅན། མཁས་དབང་དེ་འདྲས་གསུང་བཤད་གནང་ཡོད་པ་རེད། ནང་ཁུལ་གྲོས་བསྡུར་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱིས་གཏན་འབེབས་བྱས་པའི་བུད་མེད་ནུས་སྟོབས་གོང་སྤེལ་གྱི་སྲིད་ཇུས་ཀྱི་ནང་དོན་སྐོར་ལ་གྲོས་བསྡུར་དང་སྣོན་འཕྲི་སྤོར་ལྕོག་གང་དགོས་མིན་ཐོག་ལ་བསམ་ཚུལ་བཏོན་ཏེ། མཐའ་མའི་གྲུབ་དོན་གཞུང་ལ་སྙན་སེང་ཞུས་ཡོད་པ་རེད། དེའི་ནང་གཙོ་བོ་བུད་མེད་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་དང་། བཙན་བྱོལ་ནང་ནས་བུད་མེད་དང་འབྲེལ་བའི་ཤེས་ཡོན། འཕྲོད་བསྟེན། དཔལ་འབྱོར། འཛིན་སྐྱོང་། འགོ་ཁྲིད། སྤྱི་ཚོགས། སློབ་གསོ། བུད་མེད་ལ་བཙན་དབང་དང་རྩུབ་སྤྱོད་རིགས་འགོག་ཐབས་བཅས་ཀྱི་སྐོར་ལ་གྲོས་བསྡུར་བྱས་ཡོད་པ་རེད།

བུད་མེད་ནུས་སྟོབས་གོང་སྤེལ་དང་འབྲེལ་བའི་བསམ་ཚུལ་དོན་ཚན་ཁག་མཐའ་མའི་མཇུག་བསྡོམས་ཐོག་སྒྲོགས་སྦྱང་བྱས་རྗེས། གཞུང་ལ་ཕུལ་ཡོད་པ་དང་། རྗེས་སུ་ལག་བསྟར་ག་འདྲ་བྱེད་དགོས་མིན་སྐོར་ལ་ལྟ་རྒྱུ་ཡིན་པ་རེད།།

 

Share on Facebook25Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 225

Leave a Reply