བུད་མེད་ཚོས་སྙིང་སྟོབས་བསྐྱེད་ཤོག་ཅེས་༧གོང་ས་མཆོག་གིས་གསུངས།

བུད་མེད་ཚོར་རང་བཞིན་གྱི་ལུས་པོའི་གྲུབ་ཆའི་སྟེང་ནས་བྱམས་བརྩེའི་ནུས་པ་ཡོད་བསྡད་པ་དེ། སྤྱི་ཚོགས་ནང་ལ་སྤེལ་ཐུབ་པ་ཞིག་བྱེད་ཀྱི་ཡིན་བསམ་ནས་ཁྱེད་རང་ཚོས་སྙིང་སྟོབས་བསྐྱེད་དགོས་རེད་ཅེས་༧གོང་ས་མཆོག་གིས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༡༢ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠ པའི་ཐོག་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་མཆོག་དབུ་བཞུགས་ཐོག བོད་ཀྱི་བུད་མེད་སྒེར་ལངས་ཀྱི་ཉིན་མོ་གཞུང་འབྲེལ་གྱིས་བོད་ཀྱི་བུད་མེད་ཀྱི་ཉིན་མོར་གཏན་འབེབས་བྱས་ཏེ། དུས་དྲན་སྲུང་བརྩིའི་མཛད་སྒོ་ཐེངས་དང་པོ་དེ་འཚོགས་ཡོད་པ་དང་། དེར་ཁྲིམས་ཞིབ་པ་ཆེ་བ་དང་། སྲིད་སྐྱོང་། གྲོས་ཚོགས་ཀྱི་ཚོགས་གཙོས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ལྕམ་ལི་ས་སིངྒ་དང་ཧྥ་རན་སིའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨེ་ནིག་བྷི་ལོན་གྱིས་གཙོས་པའི་སྐུ་མགྲོན་རྣམ་པ། གཞན་ཡང་སེར་སྐྱ་མང་ཚོགས་སྟོང་ལས་བརྒལ་བ་བཅས་མཉམ་ཞུགས་བྱས་ཡོད་པ་རེད།

མཛད་སྒོའི་ཐོག་དགེ་བཤེས་མ་བཞིས་བཀྲ་ཤིས་པའི་སྨོན་ལམ་གསུངས་པ་དང་། དེ་རྗེས་བོད་ཀྱི་ཟློས་གར་ཚོགས་པས་བོད་ཀྱི་བུད་མེད་ཀྱི་ཉིན་མོའི་བསྟོད་གླུ་བླངས་ཡོད་པ་རེད། སྲིད་སྐྱོང་བློ་བཟང་སེང་གེས་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གཞིར་བཟུང་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གྱི་ལས་ལ་བརྩོན་དང་བརྩོན་མུས་ཡིན་པ་དང་། ཐོག་མར་བཙན་བྱོལ་ལ་འབྱོར་ནས་ད་བར་བུད་མེད་ཀྱི་ནུས་པ་གཟེངས་སུ་ཐོན་པ་ཡོང་བཞིན་ཡོད་སྐོར་བཅས་ཀྱི་གསུང་བཤད་དང་། དེ་ནས་གྲོས་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་དང་། ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ལྕམ་ལི་ས་སིངྒ་དང་ཧྥ་རན་སིའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨེ་ནིག་བྷི་ལོན་བཅས་ཀྱིས་རིམ་བཞིན་བུད་མེད་ཀྱི་ཉིན་མོ་དང་འབྲེལ་ནས་གསུང་བཤད་གནང་སོང་།
སྲིད་སྐྱོང་བློ་བཟང་སེང་གེས་དུས་དྲན་དེ་དང་འབྲེལ་ནས་གསུང་བཤད་གནང་སྐབས། “ཕྱི་ཟླ་༣ ཚེས་༡༢ ཉིན་བོད་ཀྱི་བུད་མེད་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད། གཙོ་ཆེ་ཤོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གཏོང་དགོས་གལ་སྐོར་གྱི་བཀའ་སློབ་རིམ་པ་ཕེབས་ཡོད། བོད་ནང་ཕྱི་ལོ་༡༩༥༩ ཟླ་༣ ཚེས་༡༢ ཉིན་བུད་མེད་དཔའ་མོ་མང་པོ ཞིག་གིས་སོ་སོའི་གཅེས་པའི་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་སྟེ་སྒེར་ལངས་ཆེན་པོ་བྱས་པ་རེད། སྐབས་དེར་ཁོང་ཚོས་རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་དེ་མ་འགྲིག་པ་དང་། བོད་ཀྱི་བདག་པོ་བོད་མི་ཡིན་པ། ༸གོངས་མཆོག་གི་སྐུ་དབང་ལ་ཐེ་བྱུས་མ་བྱེད་རོགས་ཞེས་སྒེར་ལངས་བྱས་ཏེ་དཔའ་མོ་མང་པོ་ཞིག་གིས་རང་གི་ལུས་སྲོག་བློས་གཏོང་གནང་བའི་ཉིན་མོ་ཞིག་ཆགས་ཡོད། ད་ལྟ་ཡིན་ནའང་བོད་ནང་ལྟ་བུ་མཚོན་ན། དཔའ་མོ་མང་པོ་ཞིག་གིས་ཁོར་ཡུག་དང་། འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་དབང་སོགས་ཀྱི་ཆེད་མུ་མཐུད་བོད་ཀྱི་རྩ་དོན་རྩོད་དང་རྩོད་མུས་རེད་” ཅེས་བཙན་བྱོལ་ནང་དུ་བུད་མེད་ནུས་སྟོབས་སྤེལ་བའི་བརྒྱུད་རིམ་དང་མ་འོངས་ལས་དོན་བྱེད་ཕྱོགས་སྐོར་གསུངས་ཡོད་པ་རེད།

མཇུག་ཏུ་༧གོང་ས་མཆོག་གིས་བུད་མེད་ཀྱི་ཉིན་མོ་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་གནང་སྐབས། ནང་པའི་གཞུང་ལུགས་དང་སྦྱར་ཏེ་བུད་མེད་ཚོའི་གནས་སྟངས་ཀྱི་སྐོར་ལ་གསུང་དོན་དུ། “དེ་རིང་ང་ཚོ་འདིར་སྐྱ་སེར་ཕོ་མོ་མང་པོ་ཞིག་འདིར་འདུ་བའི་དོན་དག་དེ་བོད་ཀྱི་བུད་མེད་ཉིན་མོ་ཟེར་བ་དེ་རེད། འཛམ་གླིང་འདིའི་སྒང་ལ་བུད་མེད་ལ་ཐོབ་ཐང་དགོས། ཕྱོགས་གཅིག་ནས་རང་དབང་། གཉིས་ནས་བུད་མེད་ཀྱི་ཐོབ་ཐང་། དེ་འདྲའི་ཐོག་ལ་འཛམ་གླིང་གང་སར་ལས་འགུལ་སྤེལ་མཁན་ཡོད་རེད། གང་ལྟར་དོ་སྣང་ཞིག་ཡོང་བཞིན་ཡོད་རེད། མདོར་ན། ཆོས་བརྒྱུད་ཁག་ནང་སྐྱེས་པར་ཐོབ་ཐང་ཏོག་ཙམ་མང་བ་ཡོད་པའི་བཟོ་ལྟ་བུ་ཡོད་རེད། དེ་ཚོའང་རིམ་བཞིན་དངོས་ཡོད་གནས་ཚུལ་དང་མཐུན་པའི་བུད་མེད་ཀྱི་ཐོབ་ཐང་སྐོར་ལ་གསུང་སྡོད་མཁན་དེ་འདྲ་ཡོང་གི་འདུག ང་རང་ཚོ་བོད་པ་སྤྱི་ཡོངས་ཀྱི་ཆ་ནས་བོད་ཀྱི་རིག་གཞུང་བརྩིས་པ་ཡིན་ན་གལ་ཆེ་བ་ཕལ་ཆེར་སངས་རྒྱས་པའི་ཆོས་ཆགས་ཡོད་རེད། སངས་རྒྱས་པའི་ཆོས་ཀྱི་ནང་ནས་གང་ལྟར་མིའི་ཕོ་མོ་འདྲ་མཉམ་ཙམ་དུ་མ་ཟད། སེམས་ཅན་ཐམས་ཅད་ཅེས་བཤད་བཞིན་ཡོད་རེད། དེ་བཞིན་བུད་མེད་ཀྱི་ཐོབ་ཐང་སྐོར་ལ་ཆ་བཞག་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་གནང་ནས་བྱུང་བ་རེད། དགེ་སློང་ཕ་མ་གཉིས་ཟེར་ད་གིའི་གོང་དུ་ཚོགས་གཙོས་གསུངས་པ་ལྟར། འཁོར་རྣམ་པ་བཞི་ཟེར་དུས། དགེ་སློང་ཕ་མ་གཉིས། དགེ་བསྙེན་ཕ་མ་གཉིས་ལ་ཟེར་གྱི་ཡོད་རེད། གང་ལྟར་འདྲ་མཉམ་གྱི་རྣམ་པ་ཤུགས་ཆེན་པོ་འདུག ད་ང་ཚོ་བོད་ལ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ལུགས་ཀྱི་དགེ་སློང་མ་བསྒྲུབ་པར་མཁན་མོ་དགོས་ཀྱི་ཡོད་རེད། མཁན་མོ་དེ་རྒྱ་གར་ནས་བོད་ལ་ཕེབས་མ་ཐུབ་པ་རེད། དེ་འདྲ་ཡིན་དུས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་ཉེས་མེད་ཕུན་ཚོགས་ཤིག་བཤད་དགོས་བྱུང་ན་ཏོག་ཙམ་དཀའ་ངལ་ཡོད་བསྡད་པ་ཞིག་རེད། དེར་བརྟེན་ད་ལྟ་ང་ཚོས་དགེ་སློང་མ་བསྒྲུབ་རྒྱུར་དཀའ་ངལ་འཕྲད་བསྡད་ཡོད་རེད་མ་གཏོགས། གཞན་སྤྱི་ཡོངས་ཀྱི་ཆ་ནས་བཅོམ་ལྡན་འདས་ཀྱིས་ཕོ་མོ་འདྲ་མཉམ་གནང་བ་དེ་གསལ་པོ་རེད་འདུག ཡང་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་ནང་སྤྱིར་དགེ་སློང་ཕའམ་རབ་བྱུང་ཕ་དེ་ཏོག་ཙམ་གོང་དུ་བརྩི་བའི་བཟོ་ལྟ་བུ། དེ་བཞིན་རྣམ་སྨིན་གྱི་ཡོན་ཏན་བརྒྱད་བརྩི་དུས་ཀྱང་། སྐྱེས་པ་ཡིན་པ་ཟེར་བ་ལྟ་བུ་དེ་འདྲའང་ཡོད་རེད། དེ་ཚོ་དེར་སྤྱི་ཚོགས་ནང་གི་གནས་སྟངས་སོགས་ཀྱི་ཐོག་ནས་ཤུགས་རྐྱེན་ཞིག་ཡོད་ས་རེད། གཉིས་ནས་སྐྱེས་པ་ཕོ་ལུས་ཞེས་ང་ཚོས་ནམ་རྒྱུན་བཤད་བསྡད་རྒྱུ་དེ། གང་ལྟར་སྤྱིར་སྤྱི་ཚོགས་ཀྱི་ནང་དུ་སྐྱེས་པ་ཕོ་དེ་ལུས་སྟོབས་ཆེ་བ་ཡོད་སྟབས། དཔེར་ན་འཛིང་རེས་ཤིག་བྱེད་དགོས་བྱུང་ན་ཕལ་ཆེར་སྐྱེས་པ་ཚོ་ཤུགས་ཆེ་བ་འདྲ་པོ་ཡོད་དུས་དེ་འདྲའི་ཐོག་ནས་ཡོང་གི་ཡོད་ས་རེད། ད་ཡང་ཕྱོགས་གཞན་ཞིག་ནས་སེམས་པ་བཟང་པོ་བྱ་རྒྱུ་དེ་འདྲའི་ཐོག་ནས་སྐད་ཆ་བཤད་སྐབས། ང་ཚོས་ནམ་རྒྱུན་ཁ་རྒྱུན་ཁོ་རང་མ་རྒན་སེམས་ཅན་ཐམས་ཅད་ཟེར་གྱི་ཡོད་པ། ཕ་རྒན་སེམས་ཅན་ཐམས་ཅད་ཟེར་གྱི་མི་འདུག་ག ཚིག་ཁོ་རང་མ་རྒན་ལབ་ན་སེམས་ནང་དངོས་གནས་འཇུག་པོ་ཡོང་བ་འདྲ་ཞིག ཕ་རྒན་ཟེར་ལབ་ན་འཕྱ་སྨོད་བྱེད་ས་འདྲ་པོ་ཞིག་ཡོང་བསྡད་ཀྱི་འདུག་ག གང་ལྟར་བུད་མེད་ཀྱི་རྟེན་དེ་རང་བཞིན་གྱི་ལུས་ཀྱི་གྲུབ་ཆའི་སྟེང་ནས་ཕྲུ་གུ་ཆུང་ཆུང་སྐབས་ནས་མངལ་ལ་ཉར། དེ་ནས་ནུ་ཞོས་བསྐྱངས་ཏེ། དེ་འདྲའི་ཆོས་ཉིད་ཀྱི་ཐོག་ནས་འགྲོ་བསྡད་འདུག་ག དེར་བརྟེན་ལུས་ཀྱི་གྲུབ་ཆའི་སྟེང་ནས་བུད་མེད་ལ་བརྩེ་བ་ཤུགས་ཆེ་བ་ཡོད་བསྡད་པ་ཞིག་ཕལ་ཆེར་ཆགས་བསྡད་ཡོད་རེད། ཚན་རིག་པ་ཉམས་ཞིབ་བྱེད་མཁན་ཚོས་ཀྱང་བུད་མེད་ལུས་ཀྱི་གྲུབ་ཆའི་སྟེང་ནས་གཞན་གྱི་སྡུག་བསྔལ་ལ་མི་བཟོད་པའི་བློ་སྐྱེ་རྒྱུ་དེ་ཤུགས་ཆེ་བ་འདུག་ཅེས་བཤད་ཀྱི་འདུག དེ་འདྲ་ཡིན་དུས་སངས་རྒྱས་པའི་གཞུང་གི་ནང་ནས་ཡར་རིམ་པ་མཐོ་རུ་འགྲོ་སྐབས་འདུལ་བ་དང་ཐེག་པ་ཐུན་མོང་བའི་སྐབས་ནས་བཤད་པ་ཡིན་ན། ཕལ་ཆེར་སྐྱེས་པ་ལ་ཕལ་ཆེར་ཏོག་ཙམ་གཙོ་བོ་བརྩིས་པ་ལྟ་བུ་ཞིག་ཡོད་རེད། དེ་འདྲའི་ཤུགས་རྐྱེན་ཞིག་དང་དགག་བྱ་ཞིག་ཡོད་པ་ཡིན་དུས། བྱང་སེམས་ཀྱི་སྡོམ་པ་དང་ལྷག་པར་སྔགས་སྡོམ་ནང་རྩ་ལྟུང་བཅུ་བཞིའི་ནང་དུ། བུད་མེད་ལ་སྨོད་ན་རྩ་ལྟུང་གཅིག་གསུང་ཡོད་རེད། དེར་དམིགས་བསལ་གྱིས་དོ་སྣང་ཞིག་གནང་འདུག་ག སྤྱིར་བཏང་གིས་མི་སུ་ལ་སྨོད་ན་ཡང་སྐྱོན་ཡོད་རེད། རྩ་བའི་སྐྱེས་པར་སྨོད་ནའང་རྩ་ལྟུང་དང་། བུད་མེད་ལ་སྨོད་ནའང་རྩ་ལྟུང་གསུང་ཆོག་གི་རེད། རེད་དེ། བྱེ་བྲག་ཏུ་བུད་མེད་ལ་སྨོད་ན་རྩ་ལྟུང་དུ་གསུང་པ་དེ་སྤྱིར་བཏང་སྤྱི་ཚོགས་ནང་ཕྲན་བུའི་རྣམ་དབྱེ་འདྲ་པོ་ཞིག་སྤྱི་ཚོགས་ཀྱི་གནས་སྟངས་སོགས་དེ་འདྲའི་ཐོག་ནས་ཡོང་གི་ཡོད་རྐྱེན། དམིགས་བསལ་བྱས་ནས་བུད་མེད་ལ་སྨོད་ན་རྩ་ལྟུང་དུ་གསུངས་ཡོད་རེད་”ཅེས་གསུངས་སོང་།

དེ་བཞིན་ཁོང་གིས་མུ་མཐུད་བོད་པའི་སྤྱི་ཚོགས་དང་འབྲེལ་བའི་ཐོག་ནས་བུད་མེད་ཀྱི་གནས་སྟངས་སྐོར་གསུང་དོན་དུ། “སྤྱིར་ང་ཚོ་བོད་པའི་ནང་ལ་སྤྱི་ཡོངས་ནས་བྱས་ན་ཨོ་ཙམ་རེད། དེ་འདྲའི་ཤུགས་ཆེན་པོ་གང་ཡོད་མ་རེད། རེད་དེ། ད་དུང་དམིགས་བསལ་གྱིས་དོ་སྣང་དང་སློབ་གསོ་སོགས་དམིགས་དཔེ་བཟང་པོ་ཡོང་བའི་ལས་འགུལ་སྤེལ་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག དེ་འདྲ་ཡིན་དུས་དེ་རིང་འདིར་བོད་ཀྱི་བུད་མེད་ཀྱི་ཉིན་མོ་ཟེར་ནས་བྱེད་རྒྱུ་དེ་གནད་འགག་ཆེན་པོ་རེད་འདུག གང་ལྟར་ཡང་སྙིང་ང་ཚོ་བོད་པའི་སྤྱི་ཡོངས་ཀྱི་འགྲོ་སྟངས་ཕལ་ཆེར་ཡག་པོ་རེད་འདུག ད་དུང་ང་ཚོས་དོན་གཉེར་དང་དོ་སྣང་བྱེད་དགོས་པ་ཞིག་རེད་”ཅེས་དང་། “གང་ལྟར་བོད་ཀྱི་བུད་མེད་ཀྱི་ཉིན་མོ་སྲུང་བརྩི་ཞུ་རྒྱུ་དང་། སྲུང་བརྩི་དེའི་ཐོག་ནས་ང་ཚོ་སྐྱ་སེར་ཕོ་མོ་དབྱེར་མེད་སྤྱི་དང་། ལྷག་པར་དུ་བུད་མེད་ཚོས་སྙིང་སྟོབས་བསྐྱེད་ཤོག ཤེས་སོང་ངམ། རང་བཞིན་གྱི་ལུས་པོའི་གྲུབ་ཆའི་སྟེང་ནས་བྱམས་བརྩེའི་ནུས་པ་ཡོད་བསྡད་པ་དེ་སྤྱི་ཚོགས་ནང་ལ་སྤེལ་ཐུབ་པ་ཞིག་བྱེད་ཀྱི་ཡིན་བསམ་ནས་ཁྱེད་རང་ཚོས་སྙིང་སྟོབས་བསྐྱེད་དགོས་རེད། ངས་ནམ་རྒྱུན་རྟག་པར་བཤད་ཀྱི་ཡོད་། ང་ལ་བྱམས་བརྩེའི་བསམ་བློ་འདྲ་ཏོག་ཙམ་ཡོད་རེད། ཡོད་པ་དེ་བྱམས་བརྩེ་སྟོན་མཁན་གྱི་སློབ་དཔོན་དང་པོ་དེ་ངའི་ཨ་མ་ལགས་ཡིན། ཨ་མ་ལགས་ཐུགས་སེམས་ཧ་ཅང་བཟང་པོ་རེད། དེར་བརྟེན་ཨ་མ་སེམས་ཧ་ཅང་བཟང་པོ་ཞིག་གི་འཁྲིས་ལ་བསྡད་དེ་ཨ་མའི་འོ་མ་བཏུང་ནས་འཚར་ལོངས་བྱས་པ་ཞིག་ཡིན་དུས། བྱམས་བརྩེའི་ས་བོན་དང་པོ་འདེབས་མཁན་དེ་ཨ་མ་ལགས་རེད། པ་ལགས་ཆགས་ཡོད་མ་རེད། པ་ལགས་རླུང་ལངས་པོ་རེད་”ཅེས་དང་།

“ང་ཨ་མ་ལགས་ལ་ཧ་ཅང་དགའ་པོ་ཡོད། ཆོས་ཀྱི་སྐད་ཆ་མ་རེད། རང་བཞིན་གྱིས་མིའི་གཤིས་ཀ་དེ་ཨ་མ་ཧ་ཅང་བཟང་པོ་ཞིག་རེད། དུད་འགྲོ་ལ་བལྟས་པ་ཡིན་ན་ཤེས་ཀྱི་འདུག་ག ཁྱི་དང་བྱ་བྱིའུ་དེ་ཚོའི་གྲས་དེར་ལྟོས་དང་། སོ་སོའི་ཕྲུ་གུ་རང་མགོ་ཐོན་པ་མ་བྱུང་གི་བར་དུ་ཨ་མ་དེས་ཧ་ཅང་ལྟ་སྐྱོང་བྱེད་ཀྱི་འདུག་ག དེ་ཆོས་ཀྱི་སྐད་ཆ་མ་རེད། དེ་ཕུང་པོའི་གྲུབ་ཆའི་ཐོག་ནས་ཡོང་གི་ཡོད་རེད། དེ་འདྲ་ཡིན་དུས་གང་ལྟར་བུད་མེད་ཀྱི་བྱམས་བརྩེའི་ནུས་པ་དེ་གཞན་ལས་ལྷག་པ་སྤེལ་ཐུབ་པ་ཞིག་དང་། དེའི་ཐོག་ག་ཚོད་ཐུབ་ཐུབ་ཀྱིས་ཤུགས་བརྒྱབས་ཐུབ་ན་ཡག་པོ་ཞེ་དྲག་ཡོང་ང་།”ཞེས་གསུངས་ཡོད་པ་མ་ཟད། གཞན་ཡང་ད་ལྟའི་འཛམ་གླིང་ནང་གི་མུ་གེ་དང་དམག་འཁྲུག་གི་གནས་སྟངས་དང་། ཚན་རིག་གི་རྒྱབ་བརྟེན་ཐོག་བྱམས་བརྩེའི་ལམ་ལ་བརྟེན་ནས་འཛམ་གླིང་གི་དཀའ་རྙོག་སེལ་དགོས་པ་ལས་སྨོན་ལམ་བརྒྱབས་ནས་དཀའ་ངལ་སེལ་ཐུབ་ཀྱི་མེད་སྐོར་འཛམ་གླིང་ཡོངས་ཁྱབ་ཀྱི་གནས་སྟངས་ཐོག་བཀའ་སློབ་ཟབ་རྒྱས་གནང་སོང་།།

༣ པའི་༡༢ བོད་ཀྱི་བུད་མེད་སྒེར་ལངས་ཉིན་མོ་ནི་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱེད་སྐབས་༡༩༥༩ ལོའི་ཕྱི་ཟླ་༣ ཚེས་༡༢ ཉིན་ལྷ་སར་བོད་ཀྱི་བུད་མེད་ཀྱིས་སྣེ་ཁྲིད་དེ་རྒྱ་ནག་གི་བཙན་འཛུལ་ལ་ངོ་རྒོལ་བྱས་པའི་ཉིན་མོ་ཡིན་པ་རེད། རྗེས་སུ་རྒྱ་གར་ནང་བོད་མི་སྐྱབས་བཅོལ་ལ་སླེབས་ནས་བུད་མེད་ཚོགས་པ་བསྐྱར་གསོ་བྱས་ཏེ། ལོ་ལྟར་བུད་མེད་ཚོགས་པའི་ངོས་ནས་ཉིན་དེར་དུས་དྲན་སྲུང་བརྩི་དང་རྒྱ་ནག་ལ་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་གྱི་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

 

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 172

Leave a Reply