བོད་ཀྱི་དགུ་བཅུ་གསུམ་ཚོགས་པའི་སྐབས་བདུན་པའི་ཚོགས་ཆེན། 

རྒྱ་ནག་ནང་ཆབ་སྲིད་ཀྱི་འཐབ་རྩོད་ཐོག་ནས་ཤོག་ཁག་གཅིག་གིས་ཤོག་ཁག་གཅིག་རྩ་མེད་གཏོང་འགྲོ་ཡི་ཡོད་པས། དེར་མཇུག་འབྲས་ཚད་ངེས་ཅན་ཞིག་འབྱུང་གི་རེད་ཅེས་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་གསུངས་སོང་།

14488825_243399149395481_1676560636_oཟླ་འདིའི་ཚེས་༢༧ ཉིན་དྷ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་དུ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༢༥འཁོར་བའི་དུས་དྲན་མཛད་སྒོ་དང་།  ཚོགས་ཆེན་ཐེངས་བདུན་པ་འགོ་འཛུགས་བྱས་ཡོད་པ་རེད། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་དང་། དམིགས་བསལ་སྐུ་མགྲོན་བཀའ་ཟུར་རིན་ཆེན་མཁའ་འགྲོ་གཉིས་ཕེབས་ཡོད་པ་རེད། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་བཏོན་པའི་མདོ་ཁམས་དཀར་མཛེས་རྫོང་དུ་ཞི་རྒོལ་ཞེས་པའི་དེབ་ཅིག་དབུ་འབྱེད་དང་། དམིགས་བསལ་སྐུལ་མགྲོན་གྱིས་སྟག་སྣ་འཇིགས་མེད་བཟང་པོའི་མི་ཚེའི་ལོ་རྒྱུས་སྙིང་བསྡུས་དེབ་ཆུང་གཅིག་དང་། ཕྱིི་ལོ་༢༠༡༥ལོའི་ལོ་འཁོར་སྙན་ཐོ་བོད་ཀྱི་ཕོ་ཉ་ཞེས་པ་ཞིག་བཅས་དབུ་འབྱེད་གནང་སོང་།

ད་ཐེངས་ཉིན་༣ རིང་གི་རྒྱལ་ཡོངས་ཚོགས་ཆེན་སྐབས་བདུན་པའི་ནང་། རྒྱལ་ཁབ་འདྲ་མིན་ནང་འཁོད་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་མང་ཆེ་བ་འཛུལ་ཞུགས་བྱེད་ཐུབ་ཀྱི་མེད་རུང་། ཁོང་ཚོའི་བསམ་འཆར་གང་ཡོད་པ་རྣམས་བསྡུ་རུབ་བྱས་ཡོད་པ་དང་། ཚོགས་ཆེན་ཐོག་མ་འོངས་ལས་དོན་བྱེད་ཕྱོགས་ཐོག་གྲོས་བསྡུར་དང་། དབུས་རྒྱུན་གསར་འདེམས་བྱེད་ཀྱི་ཡོད་འདུག

མཛད་སྒོའི་ཐོག་མར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་ཚོགས་པ་ངོ་སྤྲོད་འབྲེལ་བའི་ཐོག་ནས་གསུང་དོན་དུ། “ ཐོག་མར་དགུ་བཅུ་གསུམ་ཚོགས་པ་འདི་དགོས་པ་རྒྱུ་མཚན་ཆེན་པོ་ཞིག་གི་ཐོག་ནས་བཙུགས་ཡོད་རུང་། ཁོང་རྣམ་པ་ཧ་ཅང་འཇོན་པོ་ཡོད་པ་དང་། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱུས་མངའ་ཡོད་མཁན་ཞིག་མ་རེད། གསར་འབྱོར་ཁ་ཤས་ཤིག་དྷ་རམ་སར་སླེབས་ནས་ཁོ་རང་ཚོས་བོད་ནང་ནས་དཀའ་ལས་གང་བརྒྱབས་པ་དང་། ཚོར་བ། སེམས་ཤུགས་ཀྱི་ཐོག་ནས་དེ་རིང་ནས་བརྩིས་པའི་མི་ལོ་༢༥ཡི་སྔོན་ལ་ཚོགས་པ་འདི་བཙུགས་པ་ཞིག་རེད། བཙུགས་པའི་ཁ་ཐུག་ལ་ཞལ་འདེབས་སློང་བ་དང་། ཁ་ཟས་བཙོང་པ་སོགས་དཀའ་ལས་བརྒྱབས་པའི་གནས་སྟངས་བཤད་ན་བཤད་ཚོད་མེད་པ་ཞིག་རེད། ཁོང་རྣམ་པས་དཀའ་ལས་བརྒྱབས་ནས་ང་ཚོར་འཇོག་སྐབས་དཔལ་འབྱོར་གྱི་གནས་སྟངས་ཀྱི་ཆ་ནས་ཡག་པོ་ཡོད་པ་དང་། དེ་བཞིན་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས་པ་བཅས་ཀྱི་ཐོག་ནས་ད་ལྟ་ཚོགས་པ་བརྟན་པོ་ཆགས་ཡོད་པ་རེད། ལས་ཁུངས་མ་ལག་གི་ཆ་ནས་ཀྱང་ང་ཚོས་ལས་ཀ་ཞིག་བྱེད་ཐུབ་ཚེ་བྱེད་སའི་གོ་སྐབས་ཏན་ཏན་ཡག་པོ་ཡོད་རེད་”ཅེས་དང་། དེ་བཞིན་ཚོགས་པ་བཙུགས་པའི་དགོས་པ་རྒྱུ་མཚན་དང་འབྲེལ་ནས་གསུང་དོན་དུ་“ཚོགས་པ་འདི་བཙུགས་པར་དགོས་པ་དང་རྒྱུ་མཚན་སྣ་ཚོགས་པ་ཞིག་ཡོད་ཀྱང་། གཙོ་བོ་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཀྱི་དཀའ་སྡུག་རྒྱལ་སྤྱིའི་ཐོག་ལ་ཞུ་གཏུག་བྱེད་རྒྱུ་དང་། རྒྱ་གར་ནང་བྲོས་བྱོལ་དུ་འབྱོར་བ་རྣམས་ལ་ཞབས་ཕྱི་རེ་ཞུ་ཐུབ་ཐབས་བྱ་རྒྱུ་དེ་ཡིན་པ་གཞིར་བཟུང་གིས་ང་ཚོས་ལས་ཀ་བྱས་ཡོད་རེད།”ཅེས་དང་། ཡང་ཁོང་གིས་“རྒྱ་ནག་གཞུང་ལ་ཁ་གཏད་གཅོག་རྒྱུའི་ལག་ཆ་གཙོ་བོ་དེ་རང་ལུས་མེར་སྲེག་ངོ་རྒོལ་བྱེད་མཁན་ཚོའི་སྙིང་སྟོབས་དང་ཆབ་སྲིད་བཙོན་པའི་སྙིང་སྟོབས་གཉིས་རེད་”ཅེས་དང་། དེ་བཞིན་བོད་ཀྱི་རྩ་དོན་དང་འབྲེལ་ནས་གསུང་དོན། “རྒྱ་ནག་ནང་ཆབ་སྲིད་ཀྱི་འཐབ་རྩོད་ཐོག་ནས་ཤོག་ཁག་གཅིག་གིས་ཤོག་ཁག་གཅིག་རྩ་མེད་གཏོང་འགྲོ་ཡི་ཡོད་རེད། དེར་མཇུག་འབྲས་ཚད་ངེས་ཅན་ཞིག་འབྱུང་གི་རེད། དེ་རིང་ཁ་སང་རྒྱ་ནག་ལ་དམག་ཅིག་ཤོར་ན་རྒྱ་ནག་དམག་སར་ཐོན་ཐུབ་པའི་གནས་སྟངས་ཆགས་ཡོད་མ་རེད།  རྒྱ་ནག་གཞུང་གི་དཔོན་རིགས་མཐོ་བ་མང་པོ་ཞིག་ཕྱི་རྒྱལ་ཁག་ཏུ་འབྲོ་ཆོག་ཆོག་བསྡད་ཡོད་རེད། དངུལ་ཡོད་མཁན་ཚང་མ་ཕྱི་རྒྱལ་ཁག་ལ་བསྐྱར་ཚར་རེད། ནང་ཁུལ་ནས་རྐྱེན་ཆུང་ཆུང་འཕྲད་ན་གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་བར་ལ་དམག་བརྒྱབས་པ་ནང་བཞིན་ཁོ་རང་ཚོ་མགོ་རྟིང་སློག་རྒྱུ་ཏན་ཏན་རེད། དེར་བརྟེན་ང་ཚོ་རིག་པ་དྭངས་གསལ་གྱི་ཐོག་ནས་བརྟན་པོ་བསྡད་ན་རྒྱ་ནག་གཞུང་གི་གནས་སྟངས་བརྟན་པོ་རྩ་བ་ནས་མ་རེད། ཅིག་བྱས་ན་དེ་རིང་འདིར་འཛོམས་པའི་ཆབ་སྲིད་བཙོན་པ་དགུང་ལོ་མཐོ་ཤོས་རྣམ་པ་དང་ང་ཚོའི་མི་ཚེའི་ནང་བོད་ལ་ལོག་ཐུབ་སྲིད་པ་རེད་”ཅེས་སོགས་གསུངས་སོང་།

དེ་རྗེས་དམིགས་བསལ་སྐུ་མགྲོན་བཀའ་ཟུར་རིན་ཆེན་མཁའ་འགྲོས་“དེ་རིང་འདིར་ང་ཡོང་སྟེ་ལོ་ནའི་ཆ་ནས་གང་ཡང་བྱེད་ཐུབ་པ་མི་འདུག་ཏེ། བསམ་བློའི་ཆ་ནས་སོ་སོའི་རྒྱལ་ཁབ་ཀྱི་རྩ་དོན་ཆེད་དུ་ད་ལྟ་བར་དུ་མཉམ་རུབ་བྱས་པ་ཡིན། ད་དུང་ཡང་བྱེད་རྒྱུ་ཡོད་པ་མ་ཤི་བར་དུ་བྱེད་རྒྱུ་ཡིན་”ཞེས་དང་། དེ་བཞིན་དགུ་བཅུ་གསུམ་ཡར་སྐྱེལ་མར་སྐྱེལ་གང་བྱས་ན་ཚོགས་མི་རྣམ་པའི་ཕྱག་ལས་གནང་སྟངས་ལ་རག་ལས་ཀྱི་ཡོད་པ་དང་། རྒྱལ་ཁབ་ཀྱི་རྩ་དོན་རྩོད་མཁན་ཚོས་སོ་སོའི་ཁེ་ཕན་བློས་གཏོང་བྱེད་མ་ཐུབ་ཚེ་རྒྱལ་ཁབ་ཀྱི་ལས་ཀ་མི་ཡོང་ཁོ་ཐག་རེད་ཅེས་སོགས་གསུངས་སོང་།

དེ་ནས་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་ང་ཚོའི་ཆབ་སྲིད་བཙོན་ཟུར་རྣམས་རང་མི་རིགས་ཀྱི་སྲིད་གཞུང་ལ་ངོ་རྒོལ་གྱིས་ཆབ་སྲིད་བཙོན་པ་ཆགས་པ་མ་ཡིན་པར། སྙན་གྲགས་ཅན་གྱི་རྒྱ་གར་གྱི་ཆབ་སྲིད་བཙོན་ཟུར་བདག་ཉིད་ཆེན་པོ་གྷན་དྷི་ནང་བཞིན། རང་མི་རིགས་དང་སྲིད་གཞུང་གི་ཆེད་དུ་སྲིད་གཞུང་གཞན་ཞིག་ལ་ངོ་རྒོལ་བྱས་ནས་ཆབ་སྲིད་བཙོན་པ་དང་། བཙོན་ཟུར་ཆགས་པའི་གནས་བབས་ཡིན་སྐོར་གསུངས་སོང་། ཡང་ཁོང་གིས་“བོད་ཀྱི་ཆབ་སྲིད་བཙོན་ཟུར་གྱི་ལོ་རྒྱུས་བཏོན་པ་དང་། རྒྱ་ནག་གི་བཙོན་འོག་ཏུ་ཡོད་པ་རྣམས་ལ་ག་འདྲར་བསྙབ་ཐབས་བྱེད་རྒྱུ་ཡིན་མིན། ཤུལ་ལུས་བཟའ་ཟླ་བུ་ཕྲུག་ལ་ལྟ་རྟོག་ག་འདྲ་བྱེད་ཀྱི་ཡིན་མིན། བཙན་བྱོལ་དུ་འབྱོར་བའི་ཆབ་སྲིད་བཙོན་ཟུར་ཚོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་ག་འདྲ་ཁྱབ་བསྒྲགས་བྱེད་དགོས་མིན་བཅས་ཀྱི་ཐོག་ལ་ལས་ཀ་བྱེད་ཐུབ་དགོས་རེད། ཆབ་སྲིད་བཙོན་ཟུར་གྱི་སྒྲིག་འཛུགས་དང་། དབུས་བོད་མིའི་སྒྲིག་འཛུགས་གཉིས་ཀའི་ངོས་ནས་ཆབ་སྲིད་བཙོན་པའི་གནས་སྟངས་སྟོན་ཐུབ་མཁན་གྱི་འགྲེམས་སྟོན་ཁང་དང་། དེ་བཞིན་དྲ་ཐོག་ནས་ཁྱབ་བསྒྲགས་རྒྱ་བསྐྱེད་གཏོང་ཐབས་བཅས་ལ་བརྩོན་དགོས་རེད། གྲོས་ཆོད་རྫིག་པོ་དང་། རྣམ་གྲངས་མང་པོ་བཞག་པ་ཙམ་མིན་པར་ལག་བསྟར་དུ་འཁྱོངས་མཁན་ཞིག་ཡིན་དགོས། འཛམ་བུ་གླིང་གི་ཆབ་སྲིད་བཙོན་ཟུར་ཚོས་བོད་ཀྱི་དགུ་བཅུ་གསུམ་གྱི་གྲོས་ཆོད་གྲོས་འཆར་ལ་མིག་དཔེ་ལྟ་དགོས་པའི་གནས་བབ་སྐྲུན་ཐབས་བྱེད་དགོས་རེད།”ཅེས་སོགས་ཀྱི་གསུངས་བཤད་རྒྱས་པ་ཞིག་གསུངས་གནང་སོང་།

མཛད་རིམ་གྱི་མཐར་བོད་མི་མང་གྲོས་ཚོགས་ཀྱི་འཐུས་མི་དང་བོད་ཀྱི་དགུ་བཅུ་གསུམ་གྱི་ཚོགས་གཞོན་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་གྱིས་མཇུག་སྡོམ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་སྦྲགས་མཛད་སྒོ་གྲོལ་སོང་།

སྐབས་བདུན་པའི་ཚོགས་ཆེན་ཐོག་ཏུ་གཙོ་བོ། ཚོགས་པའི་རྩིས་ཁྲར་བསྐྱར་ཞིབ་དང་དོགས་འདྲི། དེ་སྔའི་གྲོས་ཆོད་ཁག་ལག་བསྟར་བྱུང་མིན་དང་མཇུག་སྐྱོང་དགོས་རིགས་སྐོར་ལ་དོགས་འདྲི། འོས་བསྡུའི་སྒྲིག་གཞིར་བཅོས་བསྒྱུར་དགོས་མིན། ཚོགས་ཆེན་གྱི་གྲུབ་ཆ་དང་དབང་ཚད་ལ་བཅོས་བསྒྱུར་དགོས་མིན།  ཚོགས་པར་སྲིད་དོན་གྱི་ལངས་ཕྱོགས་དམིགས་བསལ་ཁ་གསལ་དགོས་མིན། ནམ་རྒྱུན་ལས་ཀ་བྱེད་སའི་འཚེམ་ཁང་གོང་འོག་ཡར་རྒྱས་གཏོང་ཕྱོགས། གློག་ཀླད་འཛིན་གྲྭའི་གནས་བབ་དང་ལེགས་བཅོས་གཏོང་ཕྱོགས། རླུང་རྟ་ཟ་ཁང་དང་ཚོང་ཁང་གོང་འོོག་ལ་བཅོས་བསྒྱུར་གཏོང་ཕྱོགས། བོད་ནང་གི་ཆབ་དཔལ་རིག་གསུམ་གྱི་དཀའ་ངལ་སྤྱི་དང་བཙོན་པའི་གནས་བབ་ལ་གདོང་ལེན་བྱ་ཕྱོགས། བཙན་བྱོལ་ལ་འབྱོར་བའི་བཙོན་པ་རྣམས་ཀྱི་སྐྱིད་སྡུག་ལ་འགན་ལེན་བྱ་ཕྱོགས། རྒྱལ་སྤྱིའི་ཐོག་བཙོན་པའི་གནས་སྟངས་ཞུ་གཏུག་སྐོར། བོད་ཀྱི་བཙོན་པའི་གནས་བབ་ལ་སྙན་ཐོ་འདོན་རྒྱུས་མཚོན་འགྲེམས་སྟོན་དང་། དྲིལ་བསྒྲགས་སོགས་ལ་ཤུགས་སྣོན་རྒྱག་ཕྱོགས། སྒྲིག་གཞི་བསྐྱར་བཅོས་དང་གཏན་འབེབས། གྲོས་ཆོད་གསར་འཇོག་དང་མཇུག་སྐྱོང་གང་དགོས་བཅས་ཀྱི་ཐོག་བགྲོ་གླེང་དང་གྲོས་ཆོད་འཇོག་རྒྱུ་དང་། ཉིན་མཐའ་མར་སྐབས་བདུན་པའི་རྒྱུན་ལས་གསར་འདེམས་བྱེད་རྒྱུ་ཡིན་པ་རེད།།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share on Facebook0Tweet about this on TwitterShare on Google+5Share on LinkedIn0Email this to someone
0 commentsViews: 21

Leave a Reply