བོད་ཀྱི་དཔེ་མཛོད་ཁང་གི་སེ་སྒར་ཚན་རིག་ཁང་གསར་པ་དབུ་འབྱེད།

ང་ཚོས་ཚན་རིག་དང་ནང་ཆོས་ཟུང་འབྲེལ་གྱི་སློབ་སྦྱོང་བྱས་ནས། འགྲོ་བ་མི་སྤྱིའི་ལུས་སེམས་བདེ་ཐང་ལ་ཕན་པ་བསྒྲུབ་རྒྱུ་དེ་དམིགས་ཡུལ་ཆགས་ཀྱི་ཡོད་པ་ལས། དགེ་འདུན་པ་ཚན་རིག་ལ་མཁས་པ་དང་ཆེད་ལས་པ་བཟོ་ཆེད་མིན་སྐོར་དགེ་བཤེས་ལྷག་རྡོར་གྱིས་སེ་སྒར་ཚན་རིག་ཁང་གསར་པ་དབུ་འབྱེད་སྐབས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༡༣ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༢ དང་སྐར་མ་༣༠ ཐོག་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ། སེ་སྒར་ཚན་རིག་ཁང་ཞེས་པའི་ཐོག་བརྩེགས་བཞི་ཅན་གྱི་ཁང་པ་ཞིག་དབུ་འབྱེད་གནང་སོང་། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་དང་། སེ་སྒར་ཚན་རིག་ཁང་གི་སྦྱིན་བདག་བྷོ་བྷི་སེ་སྒར་(Bobby Sager)གཉིས་ཀྱིས་དབུས། སྐུ་མགྲོན་རྣམ་པ་དང་བོད་ཀྱི་དཔེ་མཛོད་ཁང་གི་ལས་བྱེད་རྣམས་དང་། ཚན་རིག་ལས་འཆར་གྱི་དགེ་རྒན་དང་དགེ་འདུན་པ་རྣམ་པ་བཅས་འཛོམས་འདུག

མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་དང་། བྷོ་བྷི་སེ་སྒར་གཉིས་ཀྱིས་ཚན་རིག་ཁང་སྒོ་འབྱེད་ཀྱི་དར་མཚོན་གཅོད་རྗེས། སེ་སྒར་ཚན་རིག་ཁང་གི་ཡང་སྟེང་དུ་དངོས་བཞིའི་མཛད་སྒོ་འཚོགས་སྐབས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་གྱིས་ཚན་རིག་ཁང་གི་དགོས་དམིགས་ཀྱི་སྐོར་ལ་གསུངས་དོན་དུ།“ང་ཚོས་ད་ལྟ་ཚན་རིག་བསྟི་གནས་ཁང་བཙུགས་པའི་དམིགས་ཡུལ་གཅིག་ཚན་རིག་ལ་སློབ་གཉེར་བྱེད་ཆེད་དུ་རེད་དེ། བོད་ཀྱི་དཔེ་མཛོད་ཁང་གི་ལས་འགན་གཙོ་བོ་དེ་ཚན་རིག་མ་རེད། གཙོ་བོ་དེ་བོད་ཀྱི་ཆོས་རིག་ཉར་ཚགས་བྱ་རྒྱུ་དེ་རེད། བོད་ཀྱི་ཆོས་དང་རིག་གཞུང་ཉར་ཟེར་དུས་སྔ་མ་གང་ཡོད་པ་དེ་གཅིག་པུ་ཉར་ནས་བསྡད་རྒྱུ་མ་རེད། དེང་སང་འཛམ་བུ་གླིང་གི་ཤེས་བྱ་ག་རེ་ཡོད་ན་དེ་ཚོ་ནང་འདྲེན་བྱས་ནས་བོད་པའི་སྐད་དང་རིག་གཞུང་ནང་ལ་དགོས་པ་རྣམས་ཚུར་སླེབས་ཐུབ་པ་བྱས་ན་བོད་པའི་སྐད་ཡིག་དེ་འཛམ་གླིང་གི་སྡིངས་ཆའི་སྒང་ལ་སླེབས་ཐུབ་པ་ཡོང་གི་ཡོད་རེད། དེར་བརྟེན། ཚན་རིག་བསྟི་གནས་ཁང་འདི་བརྒྱུད་ནས་ལས་གཞི་སྤེལ་བ་རྣམས་ལ་བརྟེན་ནས། བོད་པའི་ཆོས་རིག་སྲུང་སྐྱོབ་བྱེད་ཐབས་ཤུགས་ཆེ་རུ་འགྲོ་ཡི་རེད་ཅེས་ཞུ་ཡི་ཡོད།”ཅེས་གསུངས་སོང་། དེ་བཞིན་ཁོང་གིས་“༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དང་ཕྱག་ལས་གནང་སྟངས་ཚང་མའི་ནང་ལ། ལས་གཞི་གཅིག་བརྩམས་ནས་དེ་ངའི་དུས་ཚོད་ནང་ཚར་དགོས་ཀྱི་ཡོད་ཅེས་གསུང་གི་ཡོད་མ་རེད། ༧སྐྱབས་མགོན་རིན་པོ་ཆེས་དེ་ངའི་དུས་ཚོད་ནང་འགྲུབ་མ་འགྲུབ་ཀྱི་སྐད་ཆ་མ་རེད་ད། མི་རབས་ནས་མི་རབས་བསྡད་དགོས་པ་ཞིག་དང་། འཛམ་བུ་གླིང་གི་མི་སྤྱི་ལ་ཕན་དགོས་པའི་ལས་ཀ་རེད་ཅེས་དགོངས་བཞེས་གནང་གི་ཡོད་རྐྱེན། དགོངས་བཞེས་དེ་དང་མཐུན་པར་ང་ཚོས་ཚན་རིག་དང་ནང་ཆོས་ཟུང་འབྲེལ་གྱི་སློབ་སྦྱོང་བྱས་ནས། ཐད་ཀར་ཞུས་ན་འགྲོ་བ་མི་སྤྱིའི་ལུས་སེམས་བདེ་ཐང་ལ་ཕན་པ་བསྒྲུབ་རྒྱུ་དེ་དམིགས་ཡུལ་ཆགས་ཀྱི་ཡོད་རེད། དེ་མིན་ང་ཚོས་ཚན་རིག་སྦྱངས་ནས་དགེ་འདུན་པ་ཚན་རིག་ལ་མཁས་པ་དང་ཆེད་ལས་པ་བཟོ་ཆེད་མ་རེད་ལ། དེ་བཞིན་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྤེལ་དགོས་རེད་ཟེར་དུས། ནང་ཆོས་ནང་གི་གནས་ཚུལ་གྱིས་མ་འདང་ནས་གཞན་ཞིག་ནས་སྦྱོང་དགོས་རེད་ཀྱང་གསུང་གི་ཡོད་མ་རེད། རེད་དེ། ང་ཚོས་མཚམས་རེར་མཐོན་པོ་མཐོན་པོ་ཞིག་བཤད་ནས་དངོས་སུ་མི་ལ་ཕན་པའི་ལག་ལེན་བསྟར་ཐུབ་པ་མང་པོ་ཞིག་ཐད་ཀར་ཐད་ཀར་བསྟར་མི་ཐུབ་པ་ཆགས་ཀྱི་ཡོད་སྟབས། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཟེར་ན་འདྲ། སྤྱིར་བཏང་གི་བཟང་སྤྱོད་ཟེར་ནང་འདྲ། དེ་ཚོ་ལག་ལེན་ཡག་པོ་ཞིག་བསྟར་ཐུབ་ན། རིམ་བཞིན་ནང་ཆོས་ཀྱི་གཞི་རྩ་བཙུགས་ནས་ཡར་འགྲོ་རྒྱུ་དང་། དེ་ཡང་སྔོན་ནས་གཅིག་ནང་འདི་འདྲ་ཞིག་གསུང་ཡོད་རེད་ཟེར་ལུང་དྲངས་པ་ཙམ་མིན་པར། རང་གིས་དངོས་མཐོང་ཉམས་མྱོང་དང་། མི་ཚང་མའི་ཐུན་མོང་གི་ཉམས་མྱོང་། ཚན་རིག་གིས་རྙེད་པའི་བདེན་དོན་བཅས་ལ་གཞི་བཞག་ནས་གསུང་དུས་འགྲོ་བ་མི་སྤྱི་ལ་ཧ་ཅང་ཕན་པོ་ཞིག་ཆགས་ཀྱི་ཡོད་རེད།”ཅེས་དང་ཨ་རི་བྷོ་སི་ཊོན་ནས་ཡིན་པའི་སེ་སྒར་དང་ཁོང་གི་ནང་མིས་མཐུན་འགྱུར་རོགས་རམ་འོག་ཚན་རིག་ཁང་གསར་པ་དེ་ལེགས་གྲུབ་བྱུང་བར་ཐུགས་རྗེ་ཆེ་ཞེས་སོགས་གསུངས་སོང་།

 དེ་རྗེས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་དེང་རབས་ཀྱི་ཚན་རིག་དང་ནང་པའི་ལྟ་གྲུབ་མཉམ་འབྲེལ་གྱིས་སྤྱིར་ཤེས་ཡོན་དང་བཟང་སྤྱོད་ཙམ་མ་ཡིན་པར་འཛམ་བུ་གླིང་སྤྱི་ཡོངས་ཀྱི་བདེ་སྐྱིད་དང་འབྲེལ་བ་ཆེན་པོ་ཡོད་པ་དེ་༧གོང་ས་མཆོག་གི་ཐུགས་བསྐྱེད་བཀའ་དགོངས་དང་འབྲེལ་བ་ཆེན་པོ་ཆགས་པ་ཞིག་ཡིན་སྐོར་སོགས་དང་སྦྲགས་ནས་གསུང་དོན་དུ་“༧སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་རེད་ཟེར་ལམ་སང་ང་ཚོས་ལས་གཞི་བརྩམས་པ་དེ་འདྲ་ཧ་ཅང་མང་པོ་འདུག ཡིན་ནའང་། ལས་གཞི་གང་དང་བརྩམས་བཞག་པ་དེས་བཀའ་སློབ་དགོངས་དོན་གྱི་སྙིང་པོ་དེ་སྒྲུབ་ཀྱི་ཡོད་མེད། བཀའ་སློབ་དགོངས་དོན་གྱི་ཆ་ཤས་ཙམ་འགྲུབ་ཀྱི་ཡོད་མེད་ཐད་ཐུགས་སྣང་གནང་དགོས་པ་ཧ་ཅང་གལ་ཆེན་པོ་རེད་འདུག དཔེར་ན་ད་ལྟ་ཚན་རིག་དང་ནང་པ་སངས་རྒྱས་པའི་ལྟ་གྲུབ་ཟུང་འབྲེལ་གྱི་སྐོར་ལ་བཤད་ཡོང་དུས། ཐོག་མར་ཕན་ཚུན་བར་ལ་ཡག་པོ་ཤེས་རྟོགས་དགོས་ཀྱི་ཡོད་རེད། ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་རྗེས་འབྲང་པ་དང་ལྟ་གྲུབ་མཁས་པ་ཚོས་ནུབ་ཕྱོགས་ཚན་རིག་པ་ཚོའི་གནས་སྟངས་ཡག་པོ་མཁྱེན་དགོས་ཀྱི་ཡོད་རེད། དེ་བཞིན་ནུབ་ཕྱོགས་ཀྱི་ཚན་རིག་པ་ནང་པའི་ལྟ་གྲུབ་དང་ཆོས་ལ་དོ་སྣང་ཡོད་མཁན་ཚོས་ནང་པའི་ལྟ་གྲུབ་ཀྱི་སྐོར་ལ་ཡག་པོ་མཁྱེན་དགོས་ཀྱི་ཡོད་རེད། དང་པོ་ཕན་ཚུན་ལ་གཅིག་གིས་གཅིག་ལ་རྒྱུས་མངའ་ཡོད་པའི་ཐོག  ཕན་ཚུན་མཉམ་དུ་གནས་ཚུལ་བརྗེ་ལེན་བྱེད་པ་དང་ཕྱག་ལས་གནང་རྒྱུ་དང་། ཟུང་དུ་འབྲེལ་བ་གཞི་ནས་ཡོང་གི་རེད།”ཅེས་དང་། ལས་འཆར་འདི་ཕྱིར་དུ་བོད་ཀྱི་དཔེ་མཛོད་ཁང་དང་སྦྱིན་བདག་སེ་སྒར་གཉིས་ཀྱིས་ཚན་རིག་ཁང་གསར་པ་ལེགས་འགྲུབ་བྱུང་བར་ཐུགས་རྗེ་ཆ་ཞུ་དང་། དེ་ནི་བསྔགས་བརྗོད་འོས་པ་དང་དགའ་བ་སྒོམ་དགོས་པ་ཞིག་ཡིན་སྐོར་སོགས་གསུངས་སོང་།

དེ་རྗེས་སེ་སྒར་ཚན་རིག་ཁང་གི་སྦྱིན་བདག་ཨ་རི་བྷོ་སི་ཊོན་ནས་ཡིན་པའི་བྷོ་བྷི་སེ་སྒར་གྱིས་སྔ་དྲོར་༧གོང་ས་མཆོག་དང་སྐར་མ་༢༠ རིང་མཇལ་འཕྲད་ཀྱི་གོ་སྐབས་ཡོད་པ་ལྟར་བསྐྱོད་ཀྱང་། དངོས་སུ་མཇལ་འཕྲད་སྐབས་ཆུ་ཚོད་གཅིག་དང་ཕྱེད་ལྷག་རིང་མ་འོངས་ལས་འཆར་གྱི་སྐོར་ལ་གོ་བསྡུར་བྱུང་སྐོར་དང་། དགེ་བཤེས་ལྷག་རྡོར་དང་ཚན་རིག་ལས་འཆར་གྱི་འགན་འཛིན། ནང་མི་བཅས་ཀྱིས་ད་བར་ལས་འཆར་ཐོག་རོགས་རམ་དང་ལམ་སྟོན་སོགས་གནང་བར་ཐུགས་རྗེ་ཆེ་ཞུ་དང་། དེ་སྔོན་༧གོང་ས་མཆོག་གིས་ལས་འཆར་འདི་ལ་མ་འོངས་པར་ནུས་པ་རིམ་གྱིས་ཐོན་སྐོར་གསུངས་སྐོར་སོགས་ཀྱི་སྐོར་ལ་གཏམ་བཤད་བྱས་རྗེས། མཇུག་ཏུ་གཟེངས་བསྟོད་ཁག་ཅིག་ཀྱང་སྤྲད་སོང་།

མཇུག་ཏུ་གསར་འགོད་པའི་དྲི་བར་དགེ་བཤེས་ལྷག་རྡོར་གྱིས་ལན་འདེབས་གནང་བ་ལྟར་ན། བོད་ཀྱི་དཔེ་མཛོད་ཁང་གིས་༧གོང་ས་མཆོག་གི་བཀའ་དགོངས་ལྟར་ཕྱི་ལོ་༡༩༩༩ ནས་བཟུང་། དགོན་སྡེ་ཁག་ལ་ཚན་རིག་སློབ་འགོ་བཙུགས་ནས་རིམ་བཞིན་དགོན་པ་༧ གྱི་ནང་ལ་ཚན་རིག་བསྟི་གནས་ཁང་གསར་འཛུགས་ཀྱིས་ལས་འཆར་དེ་ཡར་རྒྱས་ཤུགས་ཆེན་པོ་སོང་ཡོད་འདུག་ཅིང་། ཕྱིས་སུ་དགེ་བཤེས་ལྷག་རྡོར་གྱིས་བྷོ་བྷི་སེ་སྒར་ལ་དཔེ་མཛོད་ཁང་ལ་ཡང་ཚན་རིག་བསྟི་གནས་ཁང་ཞིག་བཙུགས་ན་ཞེས་བསྐུལ་བ་ལྟར། ད་ཐེངས་དཔེ་མཛོད་ཁང་དུ་ཚན་རིག་ཁང་གསར་བཞེངས་བྱུང་བ་ཞིག་རེད་འདུག  བོད་ཀྱི་དཔེ་མཛོད་ཁང་ཚན་རིག་སྡེ་ཚན་ནས་དགོན་སྡེ་ཁག་གི་ཚན་རིག་གི་ལས་འཆར་ཚང་མ་ནམ་རྒྱུན་ནས་གོ་སྒྲིག་བྱེད་བཞིན་ཡོད་པ་དེ་དག་གཞི་བཞག་ཐོག ད་ལྟ་དྲ་རྒྱའི་བརྒྱུད་ལམ་ཁག་ནས་སློབ་ཚན་སློབ་རྒྱུ་དང་། དྷ་ས་རང་ལ་ཐ་མག་འཐེན་པའི་ཉེས་དམིགས་ལྟ་བུ་འཕྲོད་བསྟེན་ཤེས་བྱ་སོགས་པར་རིས་དང་བརྙན་ཐུང་ལྟ་བུའི་ལམ་ནས་འགྲེམ་སྟོན་བྱེད་དེ་རྒྱུན་ཤེས་གོང་མཐོར་གཏོང་རྒྱུའི་ལས་འཆར་གསར་པ་ཡོད་སྐོར་སོགས་གསུངས་བྱུང་། སེ་སྒར་ཚན་རིག་ཁང་ལ་ཐོག་བརྩེགས་བཞི་ཡོད་པ་ལས། ཐོག་བརྩེགས་དང་པོ་ལས་ཁུངས་དང་ཚན་རིག་གི་བརྟག་དཔྱད་ཡོ་ཆས་འཇོག་གནས་དང་། ཐོག་བརྩེགས་གཉིས་པ་དེ་ཟབ་སྦྱོང་ལ་མཉམ་ཞུགས་བྱེད་མཁན་རྣམས་སྡོད་གནས། ཐོག་བརྩེགས་གསུམ་པ་དེར་འཛིན་ཁང་ཆེན་པོ་ཞིག་དང་། བརྟག་དཔྱད་འདྲ་མིན་བྱེད་སའི་ཁང་པ་ཞིག ཐོག་བརྩེགས་བཞི་པའི་ཐོག་ཚོགས་ཁང་ཆེན་པོ་ཞིག་བཅས་འདུག།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 138

Leave a Reply