བོད་ཀྱི་དཔེ་མཛོད་ཁང་ནས་ལོ་རྒྱུས་ཀྱི་དཔེ་དེབ་གསུམ་དབུ་འབྱེད་གནང་སོང་།

རྒྱལ་སྤྱིའི་གནད་དོན་མང་པོ་ཞིག་གི་གྲུབ་འབྲས་ལོ་རྒྱུས་སུས་ཡག་པོ་བཤད་ཐུབ་ན། དེ་ལ་ཐོབ་རྒྱུ་ཡིན་སྐོར་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་གྱིས་དཔེ་དེབ་དབུ་འབྱེད་སྐབས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༡༠ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༣ དང་སྐར་མ་༣༠ ཐོག་དྷ་ས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་གྱིས་བོད་ཀྱི་དཔེ་མཛོད་ཁང་ནས་པར་སྐྲུན་བྱས་པའི་༼ལྕགས་ཡོས་བོད་རྒྱའི་གྲོས་མཐུན་༽དང་། ༼པཎ་ཆེན་རིན་པོ་ཆེ་འཚོལ་ཞིབ་༽ དེ་བཞིན་༼གློ་རྒྱལ་ཕྲན་༽ཞེས་པའི་ལོ་རྒྱུས་ཀྱི་དཔེ་དེབ་གསུམ་དབུ་འབྱེད་བྱས་སོང་།

མཛད་སྒོའི་ཐོག་མར་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་གྱིས་ཕེབས་བསུ་དང་མཛད་སྒོ་ངོ་སྤྲོད་གནང་སྐབས། ནམ་རྒྱུན་དཔེ་མཛོད་ཁང་གིས་དེབ་མང་པོ་པར་སྐྲུན་བྱེད་བཞིན་ཡོད་སྟབས། དེ་དག་ཚང་མར་དབུ་འབྱེད་མཛད་སྒོ་འཚོགས་ཐུབ་ཀྱི་མེད་ཀྱང་། ད་ཐེངས་ཕྱོགས་གཅིག་ནས་དཔེ་དེབ་གསུམ་པར་སྐྲུན་ཟིན་པ་གང་ཞིག་ལ་གནད་འགག་གང་འཚམ་ཡོད་པ་ཆགས་ཀྱི་ཡོད་སྟབས་དབུ་འབྱེད་མཛད་སྒོ་འཚོགས་པ་ཡིན་སྐོར་དང་། ད་ཐེངས་ཀྱི་དཔེ་དེབ་གསུམ་ཀ་བོད་ཀྱི་ལོ་རྒྱུས་དང་འབྲེལ་བ་ཡོད་པ་ཆགས་ཀྱི་ཡོད་སྐོར། བོད་པའི་མང་ཚོགས་ནས་བོད་ཀྱི་ལོ་རྒྱུས་ལ་དོ་སྣང་བྱེད་རྒྱུ་གལ་ཆེན་པོ་ཡིན་སྐོར་དང་། དེ་བཞིན་སྤྱིར་བོད་ཀྱི་སྐད་ཡིག་གཙོས་པའི་ཆོས་རིག་གནས་ལ་དོ་སྣང་བྱ་རྒྱུ་གལ་ཆེ་སྐོར་སོགས་དང་སྦྲགས། དཔེ་དེབ་གསུམ་གྱི་སྐོར་ལ་ངོ་སྤྲོད་སྙིང་བསྡུས་རེ་གནང་སོང་།

དེ་རྗེས་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་གྱིས། རྒྱལ་སྤྱིའི་ནང་གི་གནད་དོན་མང་པོ་ཞིག་གི་གྲུབ་འབྲས་དེ་དམག་འཁྲུག་སུ་ལ་ཐོབ་མིན་གྱི་སྐད་ཆ་མིན་པར། རྒྱལ་སྤྱིའི་སྡིངས་ཆའི་སྒང་ལ་ལོ་རྒྱུས་སུས་ཡག་པོ་བཤད་ཐུབ་ན་དེ་ལ་གྲུབ་འབྲས་ཐོབ་རྒྱུ་ཡིན་པ། ཧ་ཝར་ཌི་མཁས་དབང་ཞིག་གིས་གསུངས་ཡོད་པ་ལྟར། བོད་ཀྱི་སྒྲུང་དེ་བོད་པ་རང་གིས་བདག་པོ་རྒྱག་རྒྱུ་དང་། ལོ་རྒྱུས་ཐོག་ཞིབ་འཇུག་བྱས་ནས་དེ་གཞན་ལ་བཤད་རྒྱུ་གལ་ཆེན་པོ་ཡིན་སྐོར་དང་། ལས་དོན་གལ་ཆེན་དེའི་ཐོག་བོད་ཀྱི་དཔེ་མཛོད་ཁང་ནས་འགན་འཁུར་ཆེ་བཞེས་གནང་བཞིན་པར་ལེགས་གསོའི་བསྔགས་བརྗོད། གཞན་ཡང་དཔེ་དེབ་རྩོམ་པ་པོས་ཇི་ལྟར་བརྩམས་པའི་ཚུལ་སོགས་ཀྱི་སྐོར་སྙིང་བསྡུས་གསུངས་སོང་།

ད་ཐེངས་བོད་ཀྱི་དཔེ་མཛོད་ཁང་ནས་པར་སྐྲུན་བྱས་པའི་དཔེ་དེབ་གསུམ་གྱི་ཁོངས་ནས།༼ལྕགས་ཡོས་བོད་རྒྱའི་གྲོས་མཐུན་༽ཞེས་པ་ནི་བོད་ཀྱི་དཔེ་མཛོད་ཁང་གི་རྒྱ་ཡིག་སྡེ་ཚན་གྱི་ལས་བྱེད་བྱམས་པ་བསྟན་འཛིན་གྱིས་བརྩམས་ཞིང་། དེའི་ནང་ལྕགས་ཡོས་ཕྱི་ལོ་༡༩༥༡ ལོར་བོད་རྒྱའི་སྐུ་ཚབ་བར་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་དང་འབྲེལ་བའི་སྐབས་དེའི་ལོ་རྒྱུས་ཀྱི་བྱུང་བ་གལ་ཆེན་ཇི་སྙེད་ཅིག་ལ་གསལ་ཁ་བཏོན་ཡོད་པ་སོགས་འཁོད་པའི་དཔེ་དེབ་ཅིག་ཡིན་པ་དང་། དེ་བཞིན་༼པཎ་ཆེན་རིན་པོ་ཆེ་འཚོལ་ཞིབ་༽ཅེས་པའི་དཔེ་དེབ་དེ་ནི་ལྕམ་ཨི་ཛ་བྷེལ་ཧིལ་ཊོན་གྱིས་བརྩམས་ཏེ། བོད་ཀྱི་དཔེ་མཛོད་ཁང་གི་རྒྱ་ཡིག་སྡེ་ཚན་གྱི་ལས་བྱེད་བྱམས་པ་བསྟན་འཛིན་གྱིས་བོད་སྒྱུར་བྱས་པ་ཞིག་ཡིན་འདུག་ཅིང་། དེ་ནི་པཎ་ཆེན་རིན་པོ་ཆེ་དང་འབྲེལ་བའི་གནད་དོན་རྣམས་ཀྱི་སྐོར་ལ་ཉམས་ཞིབ་བྱས་པ་ཞིག་ཡིན་འདུག གཞན་ཡང་༼གློ་རྒྱལ་ཕྲན་༽ཞེས་པའི་དཔེ་དེབ་དེ་ནི་རྒྱ་གར་གྱི་མཁས་པ་ར་མེཤ་ཀུ་མར་ཌྷུང་གེལ་གྱིས་བརྩམས་ཏེ། ཝ་ར་ན་སིར་སློབ་གཉེར་གནང་བཞིན་པ་ངག་དབང་ལྷུན་གྲུབ་ཀྱིས་བོད་སྒྱུར་བྱས་པ་ཞིག་ཡིན་འདུག་ཅིང་། དཔེ་དེབ་དེ་ནི་དུས་སྐབས་བར་མར་བལ་ཡུལ་གྱི་ཕ་རོལ་ཧི་མཱ་ལ་ཡའི་ལྗོངས་སུ་ཆགས་པའི་རྒྱལ་ཕྲན་གལ་ཆེན་ཞིག་གི་ལོ་རྒྱུས་ཀྱི་མཐའ་དཔྱད་ཞིག་ཡིན་པ་དང་། བལ་ཡུལ་ནུབ་བྱང་ཕྱོགས་ཀྱི་རྒྱལ་ཕྲན་འདིའི་མངའ་ཁུལ་གཙོ་བོར་དེང་སང་“མུསྟཱང་”ཞེས་གྲགས་ཀྱི་ཡོད་འདུག་པ་དང་། གློ་རྒྱལ་ཕྲན་ནི་ལོ་རྒྱུས་ཀྱི་ཐོག་ནས་བོད་ཀྱི་ཁོངས་སུ་ཡིན་པ་དང་། ལོ་རྒྱུས་འདིའི་ཁྲོད་ནས་དེ་དང་འདབས་འབྲེལ་དུ་གྱུར་པའི་ས་མཚམས་ཁག་གི་གནས་ཚུལ་མང་པོ་ཞིག་ཐོན་གྱི་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 160

Leave a Reply