བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་གསུམ་པ།

རྒྱ་དཀར་ནག་གཉིས་བར་གྱི་ས་མཚམས་རྩོད་རྙོག་གི་ཁྲོད་ནས་བོད་པ་ལ་གོ་སྐབས་རག་ཡོད་པ་དང་།  བོད་པའི་ཉམས་ཞིབ་པ་རྣམས་ཀྱིས་དེའི་སྐོར་ལ་ག་འདྲ་ཡིན་མིན་ཐོག་རྩོམ་འབྲི་དགོས་པ། འབྲོག་ལམ་བོད་ཀྱི་ལག་པ་དང་། འབྲུག་དང་ཨ་རུ་ན་ཅལ་འཛུབ་མོ་ཡིན་སྐོར་བཅས་སྲིད་སྐྱོང་བློ་བཟང་སེང་གེས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༡༦ ཉིན་གྱི་སྔ་དྲོར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་གསུམ་པའི་དབུ་འབྱེད་མཛད་སྒོ་དྷ་སའི་ཉེ་འཁྲིས་ས་རྭ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་འཚོགས་ཡོད་པ་དང་།  སྐུ་མགྲོན་གཙོ་བོ་རུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་། དམིགས་བསལ་སྐུ་མགྲོན་རྒྱལ་སྤྱིའི་ཐེབས་རྩ་ཁང་གི་ཉམས་ཞིབ་པ་རྒན་པ་དང་རྒྱ་གར་གྱི་དམག་དཔོན་ཟུར་པ་ཝི་ནོཌ་ཨ་ནན་ཌི། རིགས་ལམ་སློབ་གཉེར་ཁང་གི་འགན་འཛིན་དགེ་བཤེས་སྐལ་བཟང་དགྲ་འདུལ། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ། འགན་འཛིན་གཞོན་པ་བསྟན་འཛིན་ལེགས་བཤད་བཅས་ཕེབས་འདུག

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་༣ པ་དེ་ཕྱི་ཚེས་༡༦ ནས་༡༨ བར་ཉིན་གསུམ་རིང་འཚོགས་ཀྱི་ཡོད་ཅིང་། མཐོ་སློབ་ཁག་༡༥ ནས་ཁྱོན་ཚོགས་བཅར་བ་༤༠ ཡས་མས་འདུག ཚོགས་འདུ་ཉིན་དང་པོར་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་བྱུས་དང་། བོད་ནང་གི་བོད་མི་དང་འབྲེལ་བའི་གནད་དོན། ཉིན་གཉིས་པར་བཙན་བྱོལ་ནང་གི་བོད་མིའི་དཀའ་གནད་དང་གདོང་ལེན། ཉིན་གསུམ་པར་བོད་དང་བཙན་བྱོལ་བོད་མིར་འབྲེལ་བའི་བརྗོད་གཞི་གཞན་ཁག་བཅས་ཀྱི་ཐོག་ལ་གཏམ་བཤད་དང་བགྲོ་གླེང་བྱ་རྒྱུ་ཡིན་པ་རེད།

མཛད་སྒོའི་སྐབས་སྲིད་སྐྱོང་བློ་བཟང་སེང་གེས་སྐུ་མགྲོན་དང་། ཚོགས་བཅར་བ། ཟུར་ཉན་པ་སོགས་མཛད་སྒོའི་ཐོག་ཕེབས་མཁན་ཚང་མར་འཚམས་འདྲི་དང་སྦྲགས། ཁོང་ཚོགས་འདུའི་ཐོག་ཕེབས་ནས་ཉམས་ཞིབ་པ་རྣམས་ལས་གཏིང་ཟབ་པ་དང་། དོན་སྙིང་ལྡན་པ་གང་ཡང་བརྗོད་རྒྱུ་མེད་ཀྱང་། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་དང་ན་གཞོན་ཉམས་ཞིབ་པ་རྣམས་གལ་ཆེན་པོ་རུ་བརྩིས་ནས་ལོ་ལྟར་ཚོགས་འདུའི་ཐོག་ཕེབས་པ་ཡིན་སྐོར་གསུངས་སོང་ལ། དེ་བཞིན་ཁོང་གིས་དེ་སྔོན་གྱི་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་གཉིས་ཀའི་ཐོག་ལ་ཞུས་པ་ལྟར། ལོ་གསུམ་བཞི་ནང་ཚུད་ལ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་རེ་འཚོགས་ཀྱི་ཡོད་པའི་ཐོག་ཁོང་དེ་སྔོན་ཚར་གསུམ་བཞི་ལ་བཅར་མྱོང་ཡོད་ཀྱང་།  དེའི་སྐབས་ལ་ཁོང་སྒེར་གྱི་ན་ཚ་ཆེ་ཤོས་བྱུང་བ་དེ་བོད་རིག་པའི་ཚོགས་བཅར་བའི་ནང་དུ། བོད་ཀྱི་ཆོས་རིག་གཞུང་སྐད་ཡིག་དང་། རྒྱལ་རབས་ལོ་རྒྱུས་སོགས་བོད་དོན་དང་འབྲེལ་བའི་དགེ་རྒན་དང་སློབ་དཔོན་ཆེན་མོ་སོགས་ཉམས་ཞིབ་པ་བཞི་བརྒྱ་ལྔ་བརྒྱ་ཕེབས་ཀྱི་ཡོད་ཀྱང་། དེའི་ཁྲོད་ནས་བརྒྱ་ཆ་༩༠ མིན་ན། ༨༠ དེ་བོད་རིགས་མིན་པའི་མི་སྣ་རྐྱང་རྐྱང་ཡིན་པ་དང་། དེ་དག་གིས་བོད་དང་།  བོད་པའི་ཆོས། ཆབ་སྲིད། རིག་གཞུང་། བདེ་འཇགས། གླུད་དང་གཏོར་མ་བཞག་སྟངས་ཡན་ཆད་གོ་མ་མྱོང་བ་དེ་འདྲ་མང་པོ་གསུང་པ་མ་ཟད།  བླ་མའི་རྣམ་ཐར་ཡིན་ན་ཡང་གཏིང་ཟབ་པོ་གོ་མ་མྱོང་བ་དེ་འདྲ་གསུང་ཡོང་དུས། བོད་པ་ཞིག་གིས་ཉན་ཏེ་བསྡད་སྐབས་སེམས་ལ་ན་ཚ་ཧ་ཅང་ཆེན་པོ་སླེབས་ཀྱི་ཡོད་སྐོར་དང་། ཁོང་ཚོས་བཤད་པ་རྣམས་བོད་པས་ཉན་དགོས་པ་དེ་འདྲའི་དུས་ཚོད་ག་འདྲ་ཞིག་ཤར་བ་རེད་བསམ་བསམ་ཞིག་གི་ཐོག་ནས་བློ་ཕམ་བྱུང་སྐོར།

ཕྱི་རྒྱལ་བ་ཚོས་མི་ཚེ་ཧྲིལ་པོ་དེ་གནད་དོན་གཅིག་གི་ཐོག་ལ་ཉམས་ཞིབ་བྱས་ནས་རྒྱལ་སྤྱིའི་འབུམ་རམས་པའི་ལག་འཁྱེར་ཐོབ་སྟེ། རྩོམ་ཡིག་བྲིས་ནས་དཔེ་དེབ་བཏོན་པ་ལ་བརྟེན་ནས། བོད་རིག་པས་རྒྱལ་སྤྱིའི་ངོས་འཛིན་ཡོད་པའི་ཉམས་ཞིབ་པ་རྣམས་ཕེབས་རོགས་ཞེས་སྐད་གཏོང་བ་ལྟར། དེའི་ཆ་ཤས་བླངས་ཏེ་ཕེབས་པ་ཡིན་སྟབས་དེ་ལས་བློ་བསྐྱེད་ཆེན་པོ་ཐོབ་བྱུང་རུང་། བོད་དང་འབྲེལ་བའི་གནད་དོན་ཐོག་བོད་མི་མིན་པ་རྐྱང་རྐྱང་གིས་བཤད་འོང་དུས། ཕར་བཤད་རྒྱུ་དེ་ཚུར་བཤད་འོང་གི་འདུག་ཨ་བསམ་བསམ་ཡོང་གི་ཡོད་སྐོར། ཕྱི་རྒྱལ་བ་ཚོས་ཞིབ་འཇུག་གཏིང་ཟབ་པོ་དེ་འདྲ་བྱས་དུས། ང་ཚོ་བོད་པ་སྤྱི་དང་བཙན་བྱོལ་ནང་ནས་བོད་ཀྱི་ཆོས་རིག་དང་། སྐད་ཡིག རྒྱལ་རབས་ལོ་རྒྱུས་ཐོག་དེ་འདྲའི་ཉམས་ཞིབ་པ་ཐོན་དགོས་ཀྱི་ཡོད་སྐོར་གསུངས་སོང་ལ།

དེ་བཞིན་ཁོང་གིས་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་བཙུགས་དགོས་དོན་གཙོ་བོ་གཅིག་བོད་རིག་པ་དང་། བོད་དང་འབྲེལ་བའི་ཐོག་ཉམས་ཞིབ་པ་མེད་ཐབས་བྲལ་བར་བསམ་ནས་བཙུགས་པ་ཡིན་སྐོར་གསུངས་སོང་། ཡང་ཁོང་གིས་“ང་ཚོས་ཉམས་ཞིབ་པ་ཚོར་དུས་རྟག་ཏུ་ག་རེ་ཞུ་ཡི་ཡོད་ཟེར་ན།  དཔེར་ན། ད་ལྟ་སྐུ་ཞབས་ཝི་ནོཌ་ཨ་ནན་ཌིས་འབྲོག་ལམ་གྱི་སྐོར་ལ་གསུང་པ་རེད། འབྲོག་ལམ་དེ་བོད་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་རེད། འབྲུག་འབྲས་ལྗོངས་བོད་ཀྱི་ས་ཆ་རེད། བརྗོད་གཞི་དེའི་སྐོར་ལ་འབྲི་ཐུབ་མཁན་དང་བཤད་ཐུབ་མཁན་ང་ཚོ་བོད་པ་ཐོན་དགོས་ཀྱི་ཡོད་རེད། རྒྱ་གར་གྱི་གསར་ལམ་ཁག་ནས་རྒྱ་གར་རྐྱང་རྐྱང་གིས་འབྲོག་ལམ་དང་འབྲོག་ལམ་ཞེས་སྒྲ་དག་ལ་མ་དག་ལ་གསུང་བསྡད་ཀྱི་ཡོད་རེད། རྒྱལ་སྤྱིའི་ཐོག་རྩོམ་འབྲི་མཁན་ཡང་ཕྱི་རྒྱལ་རྐྱང་རྐྱང་རེད། ཚེ་རིང་ཤཀྱ་ལགས་ཀྱིས་རྩོམ་ཞིག་བྲིས་འདུག་མ་གཏོགས་གཞན་བོད་པ་སུ་འདུག རྒྱ་ནག་གིས་ཧམ་བཤད་བྱས་ནས་ཁོ་རང་ཚོའི་ས་ཆ་ཡིན་ཞེས་ཐབས་ལམ་འདྲ་མིན་ལག་བསྟར་གྱི་ཐོག་ནས་འགྲོ་བསྡད་ཡོད་རེད། རྒྱ་གར་དང་ཁྱིམ་མཚེས་རྒྱལ་ཁབ་ཡིན་ཡང་བག་ཟོན་བྱས་ནས་གང་འདྲ་ལན་རྒྱག་དགོས་ན་བསམ་ནས་འགྲོ་བསྡད་ཡོད་རེད། དེའི་དཀྱིལ་ནས་སྡིངས་ཆ་བོད་པ་ལ་རག་པ་རེད། ད་ཐོན་དགོས་རེད། ང་ཚོའི་ཉམས་ཞིབ་པ་རྣམས་ཐོན་ནས་དེའི་སྐོར་ལ་ག་འདྲ་ཡིན་མིན་ཐོག་རྩོམ་འབྲི་དགོས་ཀྱི་ཡོད་ཀྱང་དེ་འདྲ་འབྲི་མཁན་ཡོད་མ་རེད། ང་ཚོ་བཙན་བྱོལ་ལ་སླེབས་ནས་རྗེས་མ་ལོར་ལོ་༦༠ ཟིན་གྲབས་ཡོད་རེད། གཞུག་མ་༦༠ ནང་ང་ཚོ་བོད་པ་དེ་འདྲ་འབྲི་མཁན་ཐོན་ནས་རྒྱ་གར་གསར་འགྱུར་བརྒྱུད་ལམ་ནང་ཐོན་ཐུབ་པ་བྱེད་དགོས་རེད། དེ་དང་དེ་བཞིན་རྒྱ་ནག་གི་སྤྱི་ཡོངས་ཀྱི་ཐབས་ཇུས་ག་རེ་རེད། ཨེ་ཤི་ཡ་སྤྱི་ཡོངས་ཐོག་ག་རེ་བྱེད་ཀྱི་ཡོད་རེད། རྒྱལ་སྤྱིའི་སྒང་ལ་ག་རེ་བྱེད་ཀྱི་ཡོད་རེད། དེའི་སྒང་ལ་ང་ཚོར་ཧ་ཅང་བཤད་རྒྱུ་ཡོད་རེད་བསམ་གྱི་འདུག ”ཅེས་དང་། རྒྱལ་སྤྱིའི་ཐོག་ནས་སི་རི་ཡ་ལྟ་བུ་གནད་དོན་གསར་པ་ལ་དོ་སྣང་མང་བ་བྱེད་ཀྱི་ཡོད་པ་དང་། བོད་པའི་གནད་དོན་དེ་ཕྱོགས་གཅིག་ནས་གནད་དོན་རྙིང་པ་ཆགས་ཀྱི་ཡོད་ཀྱང་། རྒྱལ་སྤྱིའི་དོ་སྣང་འགུག་ཕྱིར་གསར་པ་རུ་བསྒྱུར་ཐབས་སུ་ཁོང་གིས་ཕྱིའི་རྒྱལ་ཁབ་ཁག་ནང་། རྒྱ་ནག་འགོ་འཚོས་པ་ལ་དང་པོ་བོད་འགོ་འཚོས་དགོས་པའི་གཏམ་བཤད་བྱེད་ཀྱི་ཡོད་ཀྱང་། རྗེས་སུ་དེ་དག་གི་ཐོག་ལ་ཞིབ་འཇུག་གི་ཆེད་དེབ་ཅིག་དགོས་ཟེར་ན་ཁོང་ལ་མེད་སྟབས། ན་གཞོན་ཉམས་ཞིབ་པ་ཚོར་ཞིབ་འཇུག་གི་ཆེད་དེབ་ཅིག་གནང་རྒྱུའི་རེ་སྐུལ་ཞུ་དགོས་ཐུག་སྲིད་སྐོར།  ཉམས་ཞིབ་པ་རྣམས་ཀྱི་རྩོམ་ཡིག་དང་གཏམ་བཤད་སོགས་ཀྱི་ལམ་ནས་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་གནད་དོན་དང་འབྲེལ་བ་ཡོད་པ་བཟོ་དགོས་སྐོར། འབྲོག་ལམ་བོད་ཀྱི་ལག་པ་དང་། འབྲུག་དང་ཨ་རུ་ན་ཅལ་འཛུབ་མོ་ཡིན་སྐོར་སོགས་གཏམ་བཤད་ཟབ་རྒྱས་གསུངས་སོང་།

 

ནེའུ་རུ་གཙུག་ལག་སློབ་གཉེར་ཁང་དུ་འབུམ་རམས་པའི་སློབ་གཉེར་བྱེད་མཁན་ཚོགས་བཅར་བ་རྫ་འཕྲིན་ལས་རྒྱ་མཚོ་ལ། ཚོགས་འདུའི་གཏམ་བཤད་ཀྱི་གཙོ་གནད་ག་རེ་ཡིན་མིན་བཅར་འདྲི་བྱས་པར།

“ངས་གཏམ་བཤད་བྱེད་རྒྱུ་དེ་བོད་ནང་གི་འབྲོག་པའི་སྐོར་ལ་རེད། དེ་ལབ་དུས་གཙོ་བོ་དེ་རྒྱ་ནག་གིས་༡༩༩༩ དང་༢༠༠༠ ལོ་ནས་༢༠༡༥ དང་༢༠༡༦ ལོ་ཙམ་གྱི་བར་ལ་བོད་ཀྱི་འབྲོག་པ་སྟོང་ཕྲག་མང་པོ་ཞིག་གནས་སྤོ་བྱས་ཚར་ཡོད་རེད། དེའི་རྒྱུ་མཚན་དེ་ཕྱོགས་གཅིག་ནས་འབྲོག་པ་རྣམས་རྗེས་ལུས་ཡིན་པ་དང་། ཁོར་ཡུག་ལ་གནོད་སྐྱེལ་གྱི་འདུག་ཟེར་ནས་སྤོ་ཡི་ཡོད་རེད་དེ། ཕྱོགས་གཞན་ཞིག་ནས་ཉེ་ཆར་རང་ལ་འབྲོག་པའི་རིག་གཞུང་དང་འབྲེལ་བ་ཡོད་པ། དཔེར་ན། འབྲོག་པའི་སྡོད་ས་སྦྲ་གུར་སོགས་ཡུལ་སྐོར་སྤྲོ་འཆམ་ས་ཚིགས་སུ་བསྐྱར་དུ་ཕུབས་ནས་འབྲོག་པའི་འཚོ་བ་དང་རིག་གཞུང་སྟོན་ཐབས་བྱེད་རྒྱུའི་སྲིད་ཇུས་གསར་པ་ཞིག་ལག་བསྟར་བྱེད་བཞིན་ཡོད་རེད།  འབྲོག་པ་ཡག་པོ་མི་འདུག་ཟེར་ནས་གནས་སྤོ་བྱེད་བཞིན་དུ་འཛམ་གླིང་རྒྱལ་སྤྱི་ལ་བོད་མི་རིགས་དང་རིག་གཞུང་འཛིན་སྐྱོང་བྱེད་ཀྱི་ཡོད་ཟེར་ངོ་བོ་ཙམ་ཞིག་སྟོན་ཆེད་དུ་དེ་འདྲ་བྱེད་ཀྱི་ཡོད་རེད། དེར་བརྟེན་ད་ཐེངས་ཀྱི་ཚོགས་འདུའི་ནང་ཞིབ་འཇུག་གི་གྲུབ་དོན་དང་འབྲེལ་བའི་གཏམ་བཤད་བྱེད་རྒྱུ་དེ། བོད་ཀྱི་འབྲོག་པ་ཟེར་བ་དེ་ག་འདྲ་ཡིན་མིན་དང་། རྒྱ་ནག་གིས་འབྲོག་པའི་རིག་གཞུང་དངོས་གནས་དེ་འཛིན་སྐྱོང་དང་ཉར་ཚགས་བྱེད་ཀྱི་ཡོད་དམ། ཆབ་སྲིད་ཀྱི་རྩེད་མོ་རྩེ་ཡི་ཡོད་མེད་ཀྱི་ཐོག་ལ་ཡིན།”ཞེས་བརྗོད་སོང་།

 

ནེའུ་རུ་གཙུག་ལག་སློབ་གཉེར་ཁང་དུ་ཉེ་བའི་འབུམ་རམས་པའི་སློབ་སྦྱོང་བྱེད་མཁན་ཚོགས་བཅར་བ་པདྨ་ཆོས་སྒྲོན་ལ་ཉམས་ཞིབ་ག་རེ་བྱེད་ཀྱི་ཡོད་མེད་དང་། དེའི་རྒྱུ་མཚན་གང་ཡིན་དྲིས་པར།

“ངས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་སྲིད་ཇུས་ཐད་ཉམས་ཞིབ་བྱེད་ཀྱི་ཡོད། ཉམས་ཞིབ་དེའི་ནང་ལ་རྒྱ་ནག་གི་ཤུགས་རྐྱེན་ཆེན་པོ་ག་ཚོད་ཡོད་མེད་དང་། དེའི་དབང་གིས་བལ་ཡུལ་བོད་པ་རྣམས་ལ་ཤུགས་རྐྱེན་ག་འདྲ་ཐེབས་ཀྱི་ཡོད་མེད་སོགས་ཡོད་རེད། དེའི་ཐོག་ཉམས་ཞིབ་བྱེད་དགོས་པའི་རྒྱུ་མཚན་ནི། གཅིག་ང་རང་གི་དགེ་རྒན་ལ་ཤུགས་ཆེན་པོ་རག་ལས་ཀྱི་ཡོད་སྟབས་རེད། ང་རང་གི་དགེ་རྒན་དེ་བལ་ཡུལ་གྱི་སྲིད་ཇུས་ཐོག་མཁས་དབང་རེད། དེའི་སྒང་ལ་བལ་ཡུལ་ལ་ཡོད་པའི་བོད་པ་རྣམས་ལ་དཀའ་ངལ་མང་པོ་འཕྲད་ནས་གནས་སྟངས་ཛ་དྲག་ཡིན་སྟབས། དེའི་སྐོར་ལ་ཉམས་ཞིབ་བྱས་ན་ཕན་ཐོགས་ཆེན་པོ་འདུག་བསམ་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||