བོད་ཀྱི་བདེན་དོན་སྨྲ་ཕོད་པའི་ལྕེ་ཞིག་ཆད་སོང་།

མྱ་ངན་ཞུ་ཚིགས།

གངས་ཅན་པའི་རྒྱལ་ཁབ་སླར་གསོའི་བྱ་གཞག་ལ་ཆག་སྒོ་ཆེན་པོ་ཞིག་བྱུང་སོང་།

མཁས་དབང་ཨེ་ལི་ཊི་སི་པཱར་ལིང་(Prof. Elliot Sperling ལགས་དགུང་གྲངས་ 66 ཐོག་ཁོ་རང་གི་སྒེར་ཁང་དུ་གློ་བུར་འདས་གྲོངས་སོང་ཞིང་། ཉེ་གྲོགས་ཚོས་ཉིན་གཉིས་ཙམ་ཁ་དཔར་དང་འཕྲིན་ཐུང་བཏང་ཡང་བརྡ་ལན་མེད་པས། དེར་བསྐྱོད་ནས་ཉེན་རྟོག་པ་དང་ལྷན་ནང་དུ་འཛུལ་སྐབས་ཁོང་གྲོངས་ཟིན་པའི་སྐྱོ་གནས་དེ་མིག་ལམ་དུ་མངོན་ཡོད་འདུག་ཅིང་། གྲོངས་རྐྱེན་ཞིབ་འཇུག་གི་སྙན་ཐོ་ཆ་ཚང་དོན་མེད་ཀྱང་། ད་བར་གྱི་ཞིབ་འབྲས་ལ་གཞིགས་ན་སྙིང་གི་ཁྲག་རྩ་འགག་ནས་གྲོངས་ཡོད་འདུག

unnamedཕྱིར་དྲན་ཞིག་ནས་གླེང་ན་ཕྱི་ལོ་ 2015 ལོར་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་འགོ་འཁྲིད་རྣམས་ཁེ་ན་ཌ་དང་། རྒྱ་གར། ཡོ་རོབ། ཨ་རི་སོགས་ས་ཁུལ་འདྲ་མིན་ནས་ཡོང་སྟེ། ནིའུ་ཡོག་ཏུ་ལྷན་ཚོགས་སྐབས་ང་ཞོགས་པར་ཨ་ཚོགས་ཀླུ་མཁར་བྱམས་ཉི་མ་རྒྱལ་མཚན་གྱི་ནང་ནས་ཚོགས་འདུ་འཚོག་ཡུལ་ལ་བསྐྱལ་དུ་ཕྱིན།

ཚོགས་འདུའི་ས་གནས་ནི་ཁུ་ཨན་སི་Queens ཁུལ་དུ་མཁས་དབང་་ཨེ་ལི་ཊི་སི་པཱར་ལིང་ལགས་ཀྱི་སྒེར་ཁང་ལ་རེད་འདུག་ཅིང་། ཁང་པའི་ནང་བོད་ཡིག་གི་དེབ་ཀྱིས་ཁེངས་འདུག་ལ། སྔར་གྱི་སྡོད་གནས་ནས་ད་དུང་ཡང་དེབ་མང་པོ་ཞིག་འབྱོར་རྒྱུ་བསྡད་ཡོད་ཟེར། བོད་སྐོར་དེབ་མང་པོ་དེ་ལྟ་བུ་མགོ་སེར་པོ་ཞིག་གིས་བསྡུ་ཉར་བྱས་པ་དེར་ང་སེམས་གཏིང་ནས་ཁོང་ལ་གུས་སེམས་དང་ཡིད་སྨོན་སྐྱེས་བྱུང་ལ། དེ་ནི་ཁོང་གིས་ང་ལ་བཞག་པའི་བག་ཆགས་ཟབ་ཤོས་དེ་ཡིན།

ང་གཉིས་དེར་སླེབས་སྐབས་སུ་ཛི་ལན་ཌི Switzerland ནས་མིག་དམར་ལགས་དང་། མེ་ཎེ་སོ་ཊ་ནས་འཇིགས་མེད་ཨོ་རྒྱན་ལགས་གཉིས་འབྱོར་ཟིན་འདུག ང་ཚོ་འཚིག་ཇ་འཐུང་བཞིན་སྐད་ཆ་ཤོད་པའི་ཁྲོད་ནས་རིམ་པས་འཇམ་དབྱངས་ནོར་བུ་ལགས་དང་། ཚོགས་བཅར་བ་གཞན་རྣམས་སྔ་རྗེས་སུ་འབྱོར་བས། ང་ནི་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་མི་མིན་པས། ཚོགས་འདུ་འགོ་མ་བཙུགས་པའི་སྔོན་དུ་ཕྱིར་ལོག་པ་ཡིན།

དེ་རྗེས་ནིའུ་ཡོག་ཏུ་དགོང་མོ་ཤིག་ལ་ཨེ་ལི་ཊི་སི་པཱར་ལིང་སོགས། ང་ཚོ་བོད་རང་བཙན་འཐབ་གྲོགས་ཁག་ཅིག་མཱན་ཧ་ཊན་དུ་ཕྱི་གླིང་བའི་ཟ་མ་ཟོས་ནས་བོད་ཀྱི་ལོ་རྒྱུས་དང་ལས་དབང་གླེང་བཞིན་བསྡད་པ་དང་། ཟ་མ་བཟས་ཚར་རྗེས་ཀྱང་ཨར་ཁང་ཞིག་ནང་རང་རང་གི་དགའ་ཕྱོགས་ཀྱི་བཏུང་བ་འཐུང་ནས་འཕྱི་པོ་བར་བསྡད།

དེ་རྗེས་སྔ་ལོར་ནིའུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ལ་ཁོང་ཚོགས་བཅར་གནང་སྐབས་མཇལ་འཛོམས་གྱིས་ཅོག་རྩེ་གཅིག་ཐོག་དགོང་ཟས་བཟས་པ་ནི། མཐའ་མའི་ཐུག་འཕྲད་དེ་ཡིན་པ་ཅི་ལ་ཤེས།

ད་དུང་ངས་དྲན་གསལ་པོར་སོས་པ་ཞིག་ལ་མཁས་དབང་ཨེ་ལི་ཊི་སི་པཱར་ལིང་མཆོག་གིས་ཕལ་ཆེར་ཕྱི་ལོ 2012། ལོ་མཇུག་ཏུ་ས་རཱ་མཐོ་སློབ་ཏུ་གཏམ་བཤད་ཅིག་གནང་སྐབས། རྒྱ་ནག་གི་མི་སེར་ལག་འཁྱེར་ཡོད་ན་འགྲིག་གི་རེད། རང་སྲིད་རང་སྐྱོང་རག་ན་འགྲིག་གི་རེད་ལབ་ན། དེ་ནི་ལོ་རྒྱུས་དང་འགལ་ཟླ་ཆགས་ཡོད། ལོ་རྒྱུས་ནང་བོད་རང་བཙན་ཡིན་ཡང་། ཁྱེད་ཚོས་བོད་རང་བཙན་མ་ཡིན་པ་ཁས་བླངས་ན། ལོ་རྒྱུས་ཀྱི་ངོས་ནས་མི་རིགས་དང་མེས་པོར་རྒྱབ་འགལ་ཆགས་པ་རེད། ཅེས་གནད་འགག་དང་རིན་ཐང་ཆེ་བའི་གཏན་ཚིགས་དེ་དག་དྲྭ་ལམ་ནས་མཐོང་དུས་ཁོང་ལ་བཅོས་མིན་གྱི་གུས་ཞབས་དང་། སེམས་པ་ཉེ་བའི་དོ་སྣང་དམིགས་བསལ་བ་ཞིག་བྱུང་།

གང་ལགས་ཞེ་ན། དུས་ཚོད་དེ་ནི་བཙན་བྱོལ་བོད་མིའི་ཁྲོད། བོད་རང་བཙན་ལས་འགུལ་ལ་ཤེས་བཞིན་ལོགས་བཤད་ལོགས་འགྲེལ་བྱེད་པའི་ལོ་ནག་ཏུ་འཁེལ་ཞིང་། བོད་རང་བཙན་གྱི་ལས་དོན་དང་མི་སྣ་ཁག་ལ་མ་ཉེས་ཁ་གཡོགས་ཀྱི་རིགས་གསར་རླུང་རླབས་འཕྱུར་ཚབ་ཆེ་བས། ཚོགས་པ་དང་། མི་སྒེར་རེ་རེ་ནས་བོད་རང་བཙན་གྱི་བསམ་སྤྱོད་བློས་གཏོང་སྦས་སྐུང་གིས་ཁ་དོག་འགྱུར་བའི་མུན་ནག་གི་དུས་ཚིགས་ཤིག་ཏུ་འཁེལ་ཡོད་པས། དུས་ཚོད་དེའི་སྐབས་སུ་ཡང་ཁོང་གིས་འཛེམས་ཟོན་མེད་པར་གནད་འགག་དང་། བདེན་དོན། ལོ་རྒྱུས་དང་བཟང་སྤྱོད་ཀྱི་རིན་ཐང་གསལ་བའི་བཀའ་སློབ་དེས་མི་མང་པོ་ཞིག་གི་རང་བཙན་སེམས་འདུན་ལ་གསོན་ཤུགས་གསར་པའི་སྐུལ་ལྕགས་སྦྱིན་ཡོད་ལ། ཟློག་ཕྱོགས་ནས་ཕོག་དགོས་ས་དག་ལ་ཡང་གནག་ཐོག་གཙག་འཁེལ་བྱུང་བས། ཁོང་ལ་འཁང་ཚིགས་བསྒྲགས་པ་ཡང་ཐོས་མྱོང་།

གལ་སྲིད་དེ་དག་བདེན་པ་ཡིན་ཚེ་ཁོང་ནི་བོད་ལ་བསམ་པ་དཀར་ཆེ་བས། བོད་ལ་ཤ་ཚའི་སྙིང་གཏམ་གླེང་ཕོད་པས། བོད་རྒྱ་གཉིས་ཀའི་དབང་ཤུགས་ཅན་ཚོའི་མིག་ལམ་དུ་ཉེས་པ་མེད་པའི་ཉེས་ཅན་པ་ཞིག་ཡིན།

གང་ལགས་ཞེ་ན་ཕྱི་ལོ 2014། ཟླ་ 7། ཚེས་ 5། ཉིན་ཁོང་པེ་ཅིང་གནམ་ཐང་དུ་ཆུ་ཚོད་གཅིག་དང་ཕྱེད་ཀ་རིང་ཁ་དཔར་བཀག་སྡོམ་གྱིས་བཀག་ཉར་དྲི་རྩད་རྗེས་པེ་ཅིང་གནམ་ཐང་ནས་རྒྱ་ནག་གིས་བཙན་གྱིས་ཕྱིར་ལོགས་བཏང་ཡོད།

དེ་ལྟར་ཁོང་ནི་བོད་ཀྱི་ལོ་རྒྱུས་ཤེས་པའི་མཁས་དབང་ཙམ་མིན་པར། བོད་ཀྱི་ལོ་རྒྱུས་ངོ་མ་སྨྲ་ནུས་ཤིང་། བོད་རང་བཙན་སླར་གསོ་ལ་རྒྱབ་སྐྱོར་གཏིང་སྐུལ་གྱི་དྲང་ཕྱོགས་དང་། བློ་སྟོབས་ལྡན་པའི་སྐྱེས་བུ་དམ་པ་ཞིག་ཡིན།

ཁོང་ནི་བོད་རྒྱ་གཉིས་ཀྱི་དབང་ཤུགས་ཅན་ཚོར་ངོ་སྲུང་མི་བྱེད་པར། བོད་ལ་གང་དབང་བ་དང་། བོད་ལ་གང་དགོས་པ་དེ་གླེང་ཕོད་པའི་སྙིང་སྟོབས་ཆེ་བའི་འཐབ་གྲོགས་གཞུང་དྲང་ཞིག་ཡིན།

དེ་རིང་ཁོང་སྐུ་གྲོངས་པ་ནི། བོད་ཀྱི་བདེན་དོན་སྨྲ་ཕོད་པའི་ལྕེ་ཞིག་ཆད་སོང་བ་ཡིན་ལ། བོད་རིགས་པའི་སྒྲོན་མེ་འོད་ཆེན་ཞིག་གཏན་དུ་གཟིམས་སོང་བ་ཡིན། འདི་ལྟར་བོད་རང་བཙན་སླར་གསོའི་གདོང་མཆོངས་འཐབ་གྲོགས་ཤིག་བོར་སོང་བ་ནི། གངས་ཅན་པའི་རྒྱལ་ཁབ་སླར་གསོའི་ཆག་སྒོ་ཆེན་པོ་ཞིག་ཅི་ལ་མིན།

དེང་སྐབས་བོད་དོན་རྒྱབ་སྐྱོར་བའི་མིང་བྱང་རྫིགས་པོ་རེ་ཁུར་ནས་བོད་རྒྱ་ཁོངས་སུ་འཛུལ་བར་རོགས་དན་བྱེད་མཁན་སྐབས་འཚོལ་མགོ་གཉིས་མ་རྣམས་ལ་ངོ་བསྟོད་དང་ཁེ་ཕན་ཅི་ཙམ་མང་ཡང་། ངས་ཁོང་ཚོར་བོད་དོན་རྒྱབ་སྐྱོར་བའི་ངོས་འཛིན་བྱེད་དཀའ་མོད། དེ་དག་དང་གཏན་ནས་མི་འདྲ་བར། ཕྱི་ལོ་ 1970 ནས་མི་ལོ་བཞི་བཅུ་ལ་ཉེ་བར་གཙུག་ལག་སློབ་ཆེན་དུ་སློབ་འཁྲིད་དང་། རིག་གཞུང་གི་ལྟེ་གནས་འདྲ་མིན་ལ་བགྲོ་གླེང་། ཆེད་རྩོམ་སོགས་བརྒྱུད་དེ། བོད་རང་བཙན་གྱི་བདེན་དོན་དཔྱད་གླེང་དང་ཁུངས་སྐྱེལ་ཚད་མཐོར་གནང་སྟེ། རྒྱལ་སྤྱིའི་ཐོག་དགྲ་བོ་རྒྱ་ནག་གི་འཁྱོག་བཤད་དམར་རྗེན་དུ་ཕུད་ཅིང་། བོད་བཙན་པོའི་སྙིང་སྟོབས་གོ་ལའི་ཁྱོན་དུ་མཐོ་བར་བསྒྲགས་ཡོད།

དེ་ལྟར་དམ་པ་ཁོང་ནི་འགྱུར་བ་མེད་པར་བོད་རང་བཙན་སླར་གསོ་ལ་རྒྱབ་སྐྱོར་གཙང་མ་མཛད་པས། མིང་དོན་མཚུངས་པའི་བོད་དོན་རྒྱབ་སྐྱོར་བ་རྣལ་མ་ཞིག་ཡིན། མདོར་ན་ཁོང་ནི་ཆ་ཚང་བའི་བོད་དོན་རྒྱབ་སྐྱོར་བ་ཞིག་ཡིན།

ཁོང་དང་ང་བར་དམིགས་བསལ་གྲོགས་འབྲེལ་ཅི་ཡང་མེད་རུང་། ང་ཚོ་སྔ་རྗེས་ཐེངས་འགའ་ཤས་ངོ་ཐུག་འདུ་འཛོམས་བྱུང་ཡོད་པ་ལས། ཁོང་ནི་བོད་ཀྱི་འདས་པའི་བདེན་དོན་ལོ་རྒྱུས་ལ་ཞིབ་ཚགས་གཅེས་སེམས་ཆེ་ཞིང་། མ་འོངས་བོད་མིའི་མདུན་ལམ་ལ་བསམ་པ་རྣམ་དག་གི་སེམས་འཁུར་ཆེ་བས། བོད་མི་སྤྱི་དང་ལྷག་པར་གཞོན་སྐྱེས་རྣམས་ལ་བོད་རང་བཙན་སླར་གསོའི་བསམ་སྤྱོད་འདོར་མི་འོས་པའི་གཏིང་སྐུལ་ནན་གྱིས་གནང་མཁན་ཞིག་ཡིན་པའི་མྱོང་ཚོར་ཡང་ཡང་བྱུང་།

དོ་ནུབ་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱིས་གཙོ་གཉེར་ཞུས་པའི་མྱ་ངན་འདུ་འཛོམས་ཀྱི་མཆོད་འབུལ་འདིའི་ཐོག་ནས་ངས་ཁ་བཏགས་ཤིག་གི་ཚབ་ཏུ་བོད་ཀྱི་རྒྱལ་དར་ཞིག་ཁོང་གི་སྐུ་དཔར་ལ་ཕུལ་ཅིང་ཁོང་ལ་ཕེབས་སྐྱེལ་ཞུས་ཡོད། འདི་ནི་ངས་ཁོང་གི་སེམས་དབུས་ན་བོད་ལ་བཅང་བའི་རེ་འདུན་ནི། བོད་རང་བཙན་སླར་གསོ་དེ་ཡིན་པ་མྱོང་ཚོར་ངེས་བརྙེད་བྱུང་བས་ཡིན།

དོ་ནུབ་ང་ཚོས་ནིའུ་ཡོག་བོད་ཀྱི་ཁང་པའི་ནང་དམ་པ་ཁོང་གི་རྣམ་ཤེས་དང་། ཁོང་གི་བུ་མོའི་མདུན་ལ་བོད་མི་རྣམས་བཀའ་དྲིན་བསམ་ཤེས་ཅན་ཞིག་ཡིན་པ་བསྟན་ཐུབ་ཡོད་ལ། འདི་ནི་མ་མཐའ་ཡང་སོ་སོར་མཚོན་ན་ཤི་གསོན་བར་དམ་ཚིགས་དང་། བཟང་སྤྱོད་ཀྱི་ལ་རྒྱ་ཡང་ཡིན།

ད་དུང་ཁོང་གི་བུ་མོས་ཕྱི་ཟླ་གསུམ་པའི་ཚེས་བཞི་ཉིན་ཨ་ཕ་རྗེས་དྲན་གྱི་འདུ་ཚོགས་ཆེན་པོ་ཞིག་བསྐང་འཆར་དེར་བོད་མི་གང་མང་མཉམ་ཞུགས་ཡོང་རེ་ཞུ།

མདོར་ན། ཁོང་གསོན་པའི་སྐབས་ཀྱི་འཚོལ་སྙེགས་དང་འབད་པ་ནི། བོད་རང་བཙན་སླར་གསོའི་རྒྱབ་ལྗོངས་དང་མདུན་སྐྱོད་ཡིན་པས། ཁོང་དང་བོད་ལ་སེམས་པ་དཀར་ན་མཐར་ཐུག་གི་རྗེས་དྲན་དང་འགན་འཁུར་ནི། བོད་རང་བཙན་སླར་གསོའི་བྱ་གཞག་དེ་ལས་ལྷག་པ་ཅི་ཡང་མེད་པའི་དྲན་སྐུལ་བཅས། མྱ་ངན་ཞུ་ཚིགས་འདིས་རོལ་དབྱངས་ཤིག་གི་ཚུལ་དུ་ཤེད་ཀྱིས་བརྡུང་སྟེ་དལ་གྱིས་མཇུག་བསྡུས་པ་ཡིན།

ཕྱི་ལོ 2017།1། 4 དགོང་མོར་སྤོ་ཆུང་ཚང་དོན་གྲུབ་ལྷ་དར་གྱིས།། །།

 

 

 

Share on Facebook254Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 517

Leave a Reply