བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་ཅིག་རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་ནང་ཞུགས་འཆར།

ཨ་རི་བ་ཁེ་སི་ཆེལ་ཌེར་གྱིས་གསར་འཛུགས་བྱས་པའི་བོད་ཀྱི་བུད་མེད་རྐང་སྤོལ་ཞེས་པའི་རུ་ཁག་དེ། འདི་ལོའི་ཟླ་༧ པའི་ཚེས་༧ ནས་༩ བར་ཁེ་ན་ཌའི་གྲོང་ཁྱེར་ཝེན་ཁུ་ཝེར་དུ་འཚོག་རྒྱུ་ཡིན་པའི་རྒྱལ་སྤྱིའི་རྐང་སྤོལ་དུས་སྟོན་གྱི་རྩེད་འགྲན་ནང་མཉམ་ཞུགས་བྱ་རྒྱུ་ཡིན་འདུག

རུ་ཁག་དེས་སྤྱི་ཁྱབ་འགན་འཛིན་ཁེ་སི་ཆེལ་ཌེར་གྱིས་ངོ་དེབ་སྟེང་དུ། ཁོང་ཚོའི་རུ་ཁག་དེར་ཝེན་ཁུ་ཝེར་གྱི་རྒྱལ་སྤྱིའི་རྐང་སྤོལ་དུས་སྟོན་གྱི་རྩེད་འགྲན་ལ་མཉམ་ཞུགས་བྱེད་པར་འགྲོ་ཆེད་དུ་ཐོངས་མཆན་ཐོབ་ཡོད་པ་དང་། དེ་ཡང་བོད་པའི་བུད་མེད་རུ་ཁག་ཅིག་རྒྱལ་སྤྱིའི་རྩེད་འགྲན་ནང་མཉམ་ཞུགས་བྱས་པ་ཐེངས་དང་པོ་ཡིན་སྐོར་འཁོད་འདུག རྩེད་འགྲན་དེའི་ནང་རྒྱལ་སྤྱི་དང་ས་གནས། ལུང་པ་མེད་མཁན་སོགས་རུ་ཁག་འདྲ་མིན་མཉམ་ཞུགས་བྱེད་ཀྱི་ཡོད་འདུག ཐེངས་འདིའི་རྩེད་འགྲན་ནང་རུ་ཁག་༣༢ ཡོད་པ་དང་། བུད་མེད་ཀྱི་རུ་ཁག་༡༦ དང་ཕོ་མོ་མཉམ་བསྲེའི་རུ་ཁག་༡༦ ཡོད་འདུག

དེ་སྔོན་ཟླ་༢ པའི་ཚེས་༢༤ ཉིན་རུ་ཁག་དེས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་དུ། ཟླ་༤ པའི་ཚེས་༩ ནས་༡༦ བར་ཨ་རིའི་ཌ་ལ་སི་གྲོང་ཁྱེར་ནང་གི་རྐང་སྤོལ་རྩེད་འགྲན་ཞིག་ནང་མཉམ་ཞུགས་བྱེད་ཆེད་ཐོངས་མཆན་གྱི་བཅར་འདྲི་ལ་ཕྱིན་སྐབས། ཁོ་ཚོར་ཨ་རིར་བསྐྱོད་པའི་རྒྱུ་མཚན་ཡང་དག་མེད་སྐོར་བརྗོད་ནས་ཐོངས་མཆན་སྤྲད་མེད་པ་རེད། སྐབས་དེར་ཨ་རིའི་སྲིད་འཛིན་ཊོམ་གྱིས་གནས་སྤོ་བ་དང་སྐྱབས་བཅོལ་གྱི་བཀའ་རྒྱ་བཏང་ཟིན་པ་དང་། དེ་བཞིན་རྒྱ་ནག་གཅིག་གྱུར་གྱི་སྲིད་ཇུས་ལ་གུས་བརྩི་བྱ་རྒྱུ་ཡིན་སྐོར་བརྗོད་ཟིན་ཡོད་པས། བོད་ཀྱི་བུད་མེད་རུ་ཁག་དེར་ཐོངས་མཆན་མ་སྤྲད་པའི་གནས་ཚུལ་དེ་རྒྱལ་སྤྱིའི་བརྒྱུད་ལམ་ཆེ་ཁག་མང་ཆེ་བའི་ནང་དུ་སྤེལ་ནས་ཁྱབ་བསྒྲགས་ཤུགས་ཆེན་ཕྱིན་ཡོད་པ་རེད།

སྐབས་དེར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ལེན་ཡོད་པའི་བོད་མིའི་རྩེད་རིགས་ཚོགས་པ་ཞིག་ཡིན་པ་དང་། ཚོགས་པ་དེ་དང་ཁེ་སི་ཆེལ་ཌེར་གྱི་བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་བར་འབྲེལ་བ་མེད་པ་མ་ཟད། ཚོགས་པ་དེར་བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་ཡོད་སྐོར་གྱི་གསལ་བསྒྲགས་སྤེལ་ཡོད་པ་དང་། དེ་བཞིན་ཟླ་༢་པའི་ཚེས་༢༨ ཉིན་ནིའུ་ཡོག་དུས་བབ་སྟེང་གནས་ཚུལ་བཀོད་གསལ་ལྟར་ན། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་སྐལ་བཟང་དོན་གྲུབ་ལ་གནད་དོན་དེའི་ཐད་གནས་འདྲི་བྱས་པར། ཁོང་གིས་ཁེ་སི་ཆེལ་ཌེར་གྱིས་གསར་འཛུགས་བྱས་པའི་བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་དེ་ནི་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་དང་། བཀའ་སྤྱི་གཉིས་ནས་ངོས་འཛིན་མེད་པ། དེ་བཞིན་རུ་ཁག་དེའི་ནང་རྩེད་མོ་བ་ཚང་མ་བོད་མི་ཡིན་ཡང་གཞུང་འབྲེལ་ཐོག་ནས་བོད་ཀྱི་ཚབ་མཚོན་བྱེད་ཀྱི་མེད་སྐོར་བརྗོད་ཡོད་འདུག

དེ་ཡང་དེ་སྔོན་བོད་ཀྱི་བུད་མེད་རྐང་སྤོལ་ལས་གཞིའི་ཐོག་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་དང་མཉམ་ལས་བྱེད་མཁན་ཁི་སི་ཆེལ་ཌེར་གྱིས། ཚོགས་པ་དེ་ལས་ཕྱིར་ཐོན་ནས་རང་ཉིད་ཀྱིས་བོད་ཀྱི་བུད་མེད་རྐང་སྤོལ་ཞེས་པའི་ཁྲིམས་མཐུན་གྱི་ཚོགས་པ་ཞིག རྒྱ་གར་བྱང་ཕྱོགས་རྡེ་ར་ལྡུན་དུ་བཙུགས་ནས། དེ་སྔོན་བོད་ཀྱི་བུད་མེད་རྐང་སྤོལ་རྩེད་མོ་བསྡུ་རུབ་བྱས་ནས། བོད་ཀྱི་བུད་མེད་ཀྱི་མིང་ཁྱེར་ནས་རྩེད་འགྲན་ཁག་ལ་མཉམ་ཞུགས་བྱས་ཡོད་པ་རེད། འོན་ཀྱང་བཀའ་སྤྱི་གཉིས་ཀྱིས་ངོས་འཛིན་ཡོད་པའི་བོད་མིའི་རྩེད་རིགས་ཚོགས་པ་ནི་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་ཡིན་པ་ལས། ཁེ་སི་ཡི་ཚོགས་པ་དེ་མིན་པས། སྤྱི་ཚོགས་ནང་ལབ་གླེང་སྣ་ཚོགས་བྱུང་ཡོད། ཕྱི་ལོ་༢༠༡༦ ལོའི་ཟླ་༥ པའི་ཚེས་༡༩ ཉིན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་གསར་འགོད་ལྷན་ཚོགས་ཤིག་ཐོག་རྩོད་རྙོག་དེའི་ཐད་གསལ་བཤད་བྱས་ཡོད་པ་རེད།

སྐབས་དེར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གི་དྲུང་ཆེ་སྐལ་བཟང་དོན་གྲུབ་ཀྱིས་བརྗོད་དོན། ཕྱི་ལོ་༢༠༡༡ ལོ་ནས་ཁོ་མོ་འབྲེལ་མཐུད་པའི་ངོ་བོའི་འོག བུད་མེད་རྐང་རྩེད་སྤོ་ལོའི་ལས་གཞི་ཐོག་མཉམ་ལས་བྱེད་འགོ་ཚུགས་ཡོད་འདུག འོན་ཀྱང་ཕྱི་ལོ་༢༠༡༥ ལོར་མ་འོངས་པའི་ལས་དོན་ལ་དཀའ་ངལ་མི་འཕྲད་པའི་ཆེད་དུ་གན་རྒྱ་ཞིག་ཁེ་སི་དང་མཉམ་དུ་འཇོག་ཐབས་བྱས་པར། དེ་ལ་ཁོ་མོས་ཁས་ལེན་བྱས་མེད་པས། རྩེད་རིགས་ཚོགས་པས་ཁོ་མོས་གན་རྒྱ་དེ་ལ་མིང་རྟགས་མ་བཀོད་བར་དུ། རྩེད་རིགས་ཚོགས་པའི་མིང་དང་ལས་རྟགས་སོགས་བེད་སྤྱོད་བྱེད་མི་ཆོག་སྐོར་ལབ་ཡོད་འདུག རྗེས་སུ་ཁོ་མོས་རང་ངོས་ནས་བུད་མེད་རྩེད་འགྲན་པ་བསྐོངས་ནས་། སྦྱོང་བརྡར་དང་རྩེད་འགྲན་ལ་ཞུགས་པ་སོགས་རྩེད་རིགས་ཚོགས་པ་དང་ལོག་ཁ་བྱས་ཡོད་འདུག གན་རྒྱ་དེའི་ནང་བོད་ཀྱི་བུད་མེད་རྐང་སྤོལ་ལས་གཞིའི་ཐོག་རོགས་དངུལ་བྱུང་བའི་དངུལ་རྣམས། རྩེད་རིགས་ཚོགས་པའི་དངུལ་ཁང་ནང་བླུགས་དགོས་པ་དང། བུད་མེད་ཀྱི་རྐང་སྤོལ་ལས་གཞིའི་ཆེད་དུ་འགྲོ་སོང་གང་བྱུང་བ་རྩེད་རིགས་ཚོགས་པ་ནས་གཏོང་རྒྱུ་བྱས་ཡོད་འདུག

གཞན་ཡང་རྩེད་རིགས་ཚོགས་པར་ཕྱིའི་རྒྱལ་ཁབ་ཀྱི་རོགས་དངུལ་ཐོབ་ཀྱི་ཡོད་པས། རྒྱ་གར་གྱི་ཁྲིམས་ལྟར་ཕྱིའི་རྒྱལ་ཁབ་ཀྱི་མི་རིགས་ཤིག་ཚོགས་པའི་རྒྱུན་ལས་ནང་བསྐོ་ཆོག་གི་མེད་ཀྱང། ཁོ་མོས་རང་ཉིད་རྒྱུན་ལས་ནང་འཇོག་དགོས་སྐོར་བརྗོད་པས། མ་མཐུན་པ་བྱུང་ཡོད་སྐོར་འགྲེལ་བརྗོད་བྱས་སོང་།

གསར་འགོད་ལྷན་ཚོགས་དེ་དང་འབྲེལ་ནས་སྐབས་དེར་འདི་གའི་གསར་འགོད་པས་ཁེ་སི་ཆེལ་ཌེར་དང་འབྲེལ་བ་བྱས་ནས་བཅར་འདྲི་བྱས་པར་ཁོ་མོས་བརྗོད་དོན། ཐོག་མར་ཁོ་མོ་རྩེད་རིགས་ཚོགས་པ་དང་མཉམ་ལས་བྱེད་སྐབས། ཚོགས་པ་དེ་ལ་ཕྱི་རྒྱལ་ནས་རོགས་དངུལ་བླངས་ཆོག་པའི་ཆོག་མཆན་ཡིག་ཆ་མེད་པས། རོགས་དངུལ་རྣམས་རྩེད་རིགས་ཚོགས་པའི་རེ་འདོད་ལྟར་ཨ་རིའི་དངུལ་ཁང་ཞིག་ལ་བཅོལ་ཡོད་འདུག རྗེས་སུ་དྲུང་ཆེ་སྐལ་བཟང་དོན་གྲུབ་ཀྱིས་ཐེངས་མང་པོར། མོ་ལ་རོགས་དངུལ་དེ་དག་བོད་ཀྱི་བུའི་རྐང་སྤོལ་ལས་གཞི་ལ་བེད་སྤྱོད་བྱེད་དགོས་སྐོར་བཤད་པས། ཁོ་མོས་དེ་ལ་མོས་མཐུན་བྱས་མེད་ཁར། ཕྱི་ལོ་༢༠༡༥ ལོར་རོ་ཝེལ་རོགས་དངུལ་གྱི་དངུལ་རྣམས་རྩེད་རིགས་ཚོགས་པའི་དངུལ་ཁང་ནང་བླུགས་ཡོད་པ་དང། དངུལ་དེ་དག་བུད་མེད་རྣམས་དགུན་ཁའི་རྐང་སྤོལ་སྦྱོང་བརྡར་གྱི་ཆེད་དུ་ཡིན་ཡང། སྐབས་དེར་རྩེད་ཆས་སོགས་ཀྱི་ཆེད་དུ་འགྲོ་སོང་དེ་ཙམ་གཏོང་འདོད་བྱེད་ཀྱི་མེད་པ་དེ་ཡང་བུའི་རྐང་སྤོལ་གྱི་ལས་གཞིའི་ཆེད་དངུལ་གསོག་ཉར་བྱེད་ཀྱི་ཡོད་པ། དེ་བཞིན་མོར་བུད་མེད་རྐང་སྤོལ་རུ་ཁག་ཕྱིའི་རྒྱལ་ཁབ་ལ་རྩེད་འགྲན་ཆེད་འགྲོ་བར། དྲུང་ཆེ་སྐལ་བཟང་དོན་གྲུབ་ཀྱིས་སེམས་འཚབ་ཆེན་པོ་ཡོད་པས་འགྲོ་རྒྱུ་མིན་པ་དང། བུད་མེད་ཀྱི་རྐང་སྤོལ་ལས་གཞི་དེ་མཚམས་འཇོག་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་པ། དུས་སྐབས་དེ་ལ་ཁོ་མོར་གན་རྒྱ་དེ་འཇོག་དགོས་སྐོར་བརྗོད་ནས། རོགས་དངུལ་ཚང་མ་རྩེད་རིགས་ཚོགས་ཆུང་གི་སྟངས་འཛིན་འོག་ལ་ཡོང་ཐབས་བྱས་པར། ཁོ་མོས་མོས་མཐུན་མ་བྱས་ནས། ལོག་ཁར་ཕྱིན་པ་ཡིན་སྐོར།

དེ་བཞིན་རྩེད་རིགས་ཚོགས་པའི་རྒྱུན་ལས་ཚོས་ཁོ་མོར། “རྐང་སྤོལ་དེ་བུད་མེད་ལས་བུ་ལ་གལ་ཆེ་བ་རེད།” “བོད་ཀྱི་བུ་ཚོར་བུད་མེད་ལས་ཐོབ་ཐང་ཆེ་བ་ཡོད།” “ང་ཚོ་ལ་བུད་མེད་ཀྱི་རྐང་སྤོལ་རུ་ཁག་དགོས་ངེས་མེད། གང་ཡིན་ཟེར་ན། ཁོ་ཚོ་ནི་སྤྱི་ཚོགས་དྲ་རྒྱ་དང་དཔེ་གསར་གྱོན་ཆས་ཐོག་ལས་གཞན་ལ་དོ་སྣང་མེད་”ཅེས་བརྗོད་པ། དེ་ཡང་ཚོགས་པའི་ནང་བུད་མེད་དང་བུད་མེད་རྐང་སྤོལ་ལས་གཞིའི་སྐོར་ལ་ངོ་ཚབ་བྱེད་མཁན་མེད་པ་མཐོང་བས། ཁོ་མོས་རྩེད་རིགས་ཚོགས་ཆུང་གི་རྒྱུན་ལས་ཚོར། མོ་ཚོགས་འདུའི་ནང་མཉམ་ཞུགས་བྱེད་བཅུག་པ་དང་རྒྱུན་ལས་ལ་བསྐོ་བའི་རེ་སྐུལ་བྱས་ཡོད་པ། བོད་པར་རྩེད་རིགས་ལས་གཞིར་གྲུབ་འབྲས་ཐོན་པའི་འཇོན་ཐང་ཡོད་ཀྱང། ད་ལྟའི་རྒྱུན་ལས་རྣམས་ཕོ་མོ་དབྱེ་འབྱེད་པ་དང། འཇོན་ཐང་མེད་མཁན་ཡིན་སྐོར་བརྗོད་བྱུང་།
མོས་བརྗོད་པའི་སྐད་ཆ་དེ་དག་ལ་བོད་རྒྱལ་ཡོངས་རྩེད་རོགས་ཚོགས་པའི་དྲུང་ཆེས་ཁས་ལན་བྱས་མ་སོང་།
ཐེངས་འདིར་ཨ་རི་བའི་བུད་མེད་ཁེ་སི་ཆེལ་ཌེར་གྱིས་གསར་འཛུགས་བྱས་པའི་བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་དེར། ཨ་རིའི་གཞུང་ཚབ་ཁང་གིས་ཐོངས་མཆན་མ་སྤྲད་ནས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་ཤུགས་ཆེན་ཕྱིན་ཡོད་ཀྱང་། རུ་ཁག་དེས་བོད་ཀྱི་བུད་མེད་རྣམས་ཀྱི་ཚབ་མཚོན་བྱེད་ན་འགྲིག་གི་ཡོད་མེད་ཐད་རྩོད་རྙོག་ཆེན་པོ་ཞིག་ཡིན་པ་རེད། རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་དང་ཁེ་སི་གཉིས་བར་གྱི་རྩོད་རྙོག་དེར་མ་འོངས་པར་ཞི་འགྲིག་ཡོང་བའི་རྣམ་པ་ཞིག་ད་ལྟའི་ཆར་མཐོང་རྒྱུ་མེད་ཁར། བོད་ཀྱི་བུད་མེད་རྐང་སྤོལ་ལས་གཞི་དང་འབྲེལ་ནས་རྐང་སྤོལ་རུ་ཁག་གཉིས་ཆགས་ཀྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||