བོད་ཀྱི་མཛེས་མ་འགྲན་བསྡུར་བྱེད་པའི་ཉིན་མོ་རེད་ཟེར།

སྟོབས་རྒྱལ།

 

སང་གནང་ཤིག་ལ།
བོད་ཀྱི་མཛེས་མ་འགྲན་བསྡུར་བྱེད་པའི་ཉིན་མོ་རེད་ཟེར།
ཐོག་མར་མཉམ་ཞུགས་གནང་མཁན་བོད་ཀྱི་མཛེས་མ་རྣམ་པ་དང་།
སྒྱ་རྩལ་གྱི་ལས་རིགས་འདི་ལ་མགོ་འདོན་གནང་མཁན།
སྐུ་ཞབས་བློ་བཟང་དབང་རྒྱལ་བཅས་ལ།
འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད།
སྒེག་སྒེག་ལྡེམ་ལྡེམ་གྱི་ཆ་རྐྱེན་ཚང་འཛོམས་ཡོད་པའི།
བོད་ཀྱི་མཛེས་མ་དོན་གནས་ཤིག
འཇིག་རྟེན་སྐྱེ་བོ་ཀུན་གྱི་མིག་ཡུལ་དུ་འདྲེན་ཐུབ་པར།
རྒྱུ་འབྲས་དྲང་སྙོམས་ཀྱིས་བདམས་ཐུབ་པའི་རེ་བ་ཆེན་པོ་ཡོད།

འདི་དང་མཉམ་དུ་ཅུང་ཙམ་སྤྲོ་འདོད་པ་ནི།
འདི་དང་འབྲེལ་བའི་གནད་དོན་ཆུང་ཙགས་རིགས་ཡིན།
ཐོག་མའི་ཆ་ནས་བཟུང་བོད་ཀྱི་མཛེས་མ་འགྲན་སྡུར་དང་།
དེའི་ལས་འཆར་འགན་འཛིན་བློ་བཟང་དབང་རྒྱལ་གཉིས།
སྣང་བར་མ་སོང་བར་འགད་གྲབས་བྱེད་ཀྱིན་པ་ནི།
རྡ་རམ་ས་ལའི་ཧ་ཅང་རྒྱུན་ལྡན་ཡིན་པའི་མིག་རྒྱང་དང་།
གྲོད་ཁོག་གི་ཤོངས་ཚད་ཡིན་ཕྱིར།
དེ་ལ་ཧ་ལས་རྒྱུ་ཅིང་མེད་རུང་།
འདང་བརྒྱབ་ན་གནས་ཚུལ་འདིའི་རིགས།
བོད་ལ་བྱུང་མྱོང་བའི་དོན་དག་གཞན་ཞིག་ལ་ཧ་ཅང་འདྲ།

དེ་ནི་དུས་རབས་ཉི་ཤུའི་སྟོད་དུ།
དབྱིན་ཡིག་སྦྱོང་བ་ནི་བསྟན་པ་འཇིག་པར་བྱེད་པའི་རྒྱུ་ཡིན་ཞེས།
ལྷ་སར་དབྱིན་ཡིག་སློབ་གྲྭ་ཞིག་སྒོ་རྒྱག་དགོས་བྱུང་བའི།
གནད་དོན་དེ་མ་བྱུང་གོང་གི་སྡུག་དམོད་བྱེད་སྟངས་དེ་ལ་ཧ་ཅང་འདྲ།
སྐྱོན་བརྗོད་འདི་དང་སློབ་གྲྭའི་སྒོ་རྒྱག་སྟངས་འདི་ལ་བསམ་ན།
དབྱིན་ཡིག་མ་ཤེས་བ་ནི་སྐབས་དེར་དར་ཁྱབ་ཆེ་བའི།
འཛམ་གླིང་གི་སྐད་ཡིག་ཆེན་པོ་ཞིག་མ་ཤེས་བ་དང་།
འཛམ་གླིང་གི་སྐད་ཡིག་ཆེན་པོ་ཞིག་མ་ཤེས་བ་དེ།
འཛམ་གླིང་གི་འགྱུར་འགྲོས་ལ་ལྟ་སའི་ལམ་ཁ་ཞིག
རང་སྟེང་ནས་བཀག་ཚར་སོང་།
ལམ་ཁ་དེ་རིགས་བཀག་ཙང་།
1947 ནང་རྒྱ་གར་གྱི་ཕོ་ཉ་བོད་ལ་འབྱོར་དུས།
བོད་གཞུང་གིས་རྒྱ་གར་གཞུང་གསར་བ་དང་བོད་རྒྱལ་ཁབ་བར།
ས་མཚམས་ཀྱི་ཆིངས་ཡིག་འཇོག་པའི་ལས་དེར་སྣང་མེད་བཏང་སྟེ།
ང་ཚོ་འདི་ལྟར་ཕྱིན་ན་མ་འགྲིག་པ་ཅི་ཡང་མེད་པའི་ལན་བཏབ།
འདིའི་སྟེང་ལ་ཕྱིས་ཀྱི་ཉམས་ཞིབ་པ་དག་གིས།
ང་ཚོས་སྐབས་དེར་འཛམ་གླིང་གི་འགྲོ་སྟངས་ངོས་ལེན་བྱེད་མ་ཤེས་བའི།
སྡོམ་ཚིག་ཤིག་བཞག་ཡོད་པ་འདི་ཁ་གཅིག་གྲགས་ཡིན།
སྐབས་དེར ༧གོང་ས་བཅུ་གསུམ་པ་ཁོ་ནས་ཕྱི་རྒྱལ་གྱི་ཚགས་པར་ཤིག
སྤྱན་གཟིགས་གནང་གི་ཡོད་པའི་བཤད་རྒྱུན་ཡོད།

སྤྱིར་མཛེས་མ་འགྲན་བསྡུར་འདི་ཡང་དེ་དང་འདྲ་སྟེ།
ཁྲོམ་ཆེན་གྲལ་ནས་ཕལ་ཆེར་གཅེར་གཟུགས་བསྟན་ན།
ཆགས་རྒན་དག་གི་བྱང་ཁོག་སྟོད་སྨད་ཀྱི།
འབུ་སྲིན་འཁྲུག་པའི་རྣམ་འགྱུར་དངོས་སུ་མཐོང་ཡང་།
བརྫུ་བག་ཆེ་བའི་བོད་པ་སྤམ་པོ་དག་གིས་འདིའི་སྟེང་ལ།
སྐད་ཆ་རྫུན་མ་ཞིག་བཤད་པར་ཧུར་བརྩོན་བྱེད་པ་ནི།
ལས་རིགས་འདི་ནི་ངོ་ཚ་དང་བྲལ་བའི་ལས་ཀ་ཞིག་ཡིན་པ་དང་།
བློ་བཟང་དབང་རྒྱལ་ཆགས་རྒན་ཡིན་སྟངས།
མཉམ་ཞུགས་གནང་མཁན་བོད་པའི་མོ་སར་དེ་དག་ལ།
མཛེས་ཉམས་མི་འདུག་ཅེས་སྐྱོན་གསུམ་ཁོ་ན་འདོན་གྱི་འདུག

འདིའི་སྐོར་ནས་བསམ་གཞིགས་རྣལ་མ་ཞིག་བཏང་ན།
མཛེས་མ་འགྲན་བསྡུར་ནི་བོད་མ་གཏོགས།
ཕྱི་རྒྱལ་གྱི་སྔོན་ཐོན་མི་རིགས་ཚང་མས་ལས་སྒྲུབ་བྱེད་པའི།
སྒྱུ་རྩལ་གསོན་བཞེངས་ཀྱི་སྡིངས་ཆ་ཆེན་པོ་ཞིག་ཡིན་ལ།
ལས་གཞི་ཧ་ཅང་གལ་ཆེན་ཞིག་ཡིན་པ་བསྙོན་མེད་སྟེང་།
ཚ་ཚ་འུར་འུར་ནང་བདམས་ཐོན་བྱུང་བའི།
མཛེས་མའི་གཟུགས་བརྙན་སྟེང་ནས།
འགྲོ་མིའི་རང་བཞིན་གྱི་འདོད་པ་མཐར་ཐུག་དེ།
གཟུགས་ཀྱི་རྒྱལ་མོ་དེ་དག་གི་འཁྲི་ཤིང་ལྟ་བུའི་མཛེས་བར།
ཀུན་གྱིས་ཁས་ལེན་དང་བསྔགས་བརྗོད་གཏོར་འོས་བ་དང་།
གཏོར་ཆོག་པ་དེ་དེ་ལྟར་ངོམས་སོ་བྱེད་ཀྱི་ཡོད།
དམན་མཐའ་ཡང་སྒྲེན་མོ་དེ་དག་ཉུག་ཉུག་ཉུག་དང་།
སྒེག་སྒེག་སྒེག་ཡོང་སའི་རྒྱལ་ཁབ་ཀྱི་མིང་དང་གནས་ཚུལ་།
འཛམ་གླིང་གིས་རྟོགས་ཐབས་བྱེད་ཐུབ་པ་ནི་འདི་དང་འགྲོགས་པའི།
བུད་མེད་དེ་དག་གི་གཟུགས་བརྙན་ལ་འབྱར་བསྡད་ཡོད་པའི།
དོན་དག་གཉིས་བ་དེ་རེད།

ད་དུང་འདི་ལ་ལྟ་རིན་ཡོད་པ་གཞན་ཞིག་ནི།
ཕྱི་རྒྱལ་གྱི་རྒྱལ་ཁབ་གང་དང་གང་ཡིན་ཡང་།
མང་ཚོགས་སུ་དང་སུ་ཡིན་རུང་།
འདི་ལ་རིན་ཐང་ཆེན་པོ་ཡོད་པའི་ལྟ་ཚུལ་གྱིས་ངང་སྒུག་དང་།
འཛུལ་ཞུགས་བྱེད་ཀྱི་འདུག
ལྷག་ཏུ་སྡིངས་ཆའི་སྟེང་སླེབས་ཐུབ་མཁན་གྱི་བུད་མེད་དེ་དག་ལ།
སེང་རས་སྲབ་སྲབ་ཤིག་གིས་ནུ་མ་ཁེབས་ཙམ་དང་།
ཁོག་སྨད་ཕྱེད་སྟོན་ཕྱེད་བཀབ་ཙམ་ལས་མེད་ཀྱང་།
མཛེས་མའི་མཐུ་རྩལ་སྟོན་ཐུབ་སོང་བའི་དགའ་འབོད་ལས།
ངོ་ཚ་དང་བག་མེད་ཡིན་པའི་ལྟ་སྟངས་འཛིན་པ་དང་།
དམོད་བོར་བ་ནམ་ཡང་བྱེད་ཀྱི་མི་འདུག
ལྷག་ཏུ་སྒྱུ་རྩལ་གྱི་ལས་རིགས་ལ་འཇུག་དུས།
དེའི་ནང་སྙིང་ཅི་ཞིག་ཡིན་པ་མིའི་ཞེ་འདོད་ཀྱིས་གོ་བརྡ་མི་འཕྲོད་པ་ཞིག
གཏན་ནས་མིན།

དེས་ན་ཁ་ཕྱིར་འཁོར་སྟེ་ང་ཚོའི་མཛེས་མ་འགྲན་སྡུར་ལ་བལྟས་ན།
འདི་ནི་བུད་མེད་མཛེས་མ།
ཕལ་ཆེར་གཅེར་གཟུགས་སུ་འགྲེང་ཆོག་ཆོག་གི་སྡིངས་ཆ་ཤིག་ཡིན་པས།
སྔོན་ཐོན་མི་རིགས་ལ་དགོས་བ་མང་པོ་ཞིག
ང་ཚོ་ལ་ཅིའི་ཕྱིར་མི་དགོས།
ང་ཚོ་མདོར་ན་མཛེས་མ་ལ་དགའ་མི་དགའ།
བོད་རྒྱལ་ཁབ་བོད་མི་རིགས་གཞན་ལ་ངོ་ཤེས་འཇུག་མི་འཇུག་ལ།
ལམ་ཁ་མང་པོ་ཞིག་ཇི་ལྟར་བསྐྲུན་དགོས།
ང་ཚོས་རང་ཉིད་ལ་འདྲི་དགོས་བའི་གནད་དོན་མང་པོ་ཞིག་འདི་ན་འདུག

ལྷག་ཏུ་སྡིངས་ཆ་འདི་ལ་དམོད་བོར་ས་གཅིག་ནི།
མཛེས་མ་དེ་དག་ལ་ཕྱི་རྣམ་གྱི་མཛེས་ཆས་ལོངས་ཀྱི་མེད་པའི།
སྐྱོན་བརྗོད་ཀྱི་འདུག
དེ་ནི་བདེན་པ་ཞིག་ཀྱང་རེད།

ཡིན་ན་ཡང་འདི་ནི་བློ་བཟང་དབང་རྒྱལ་དང་།
མོ་སར་འདི་དག་གིས་མ་བྱུང་བར་སྐྱོན་བརྗོད་ན།
དེ་ནི་འོས་འཚམས་ཤིག་མ་རེད།
རྒྱུ་མཚན་འདི་ནི<<བོད་ཀྱི་མཛེས་མ་འགྲན་སྡུར།>> ཞེས་བའི་ཁ་བྱང་འོག
བོད་པའི་བུ་མོ་ཚང་མ་དང་།
མཛེས་མ་ཡོངས་རྫོགས་ལ་བསྐྲུན་པའི་སྡིངས་ཆ་ཤིག་ཡིན་ལ།
འདི་ལ་མཛེས་བ་ག་ཚོད་ཡོད་མེད་དོན་སྙིང་ཅི་ཙམ་གནས་མིན།
བུད་ཀྱི་མཛེས་མ་ཡོངས་རྫོགས་མཉམ་ཞུགས་གནང་མིན་ལ་རག་ལས་ཡོད།
གལ་ཏེ་ཁོང་རྣམ་པ་མཉམ་ཞུགས་གནང་ན།
སྡིངས་ཆ་འདིའི་སྒོ་མོ་ནམ་ཡང་ཁོང་ཅག་ལ་ཆེད་དུ་ཕྱེས་ཡོད་ཕྱིར།
འོས་འདེམས་དང་དྲག་འདེམས་དང་རྟིང་རྩོད་ཀྱི།
གོ་རིམ་ཚད་ལྡན་བརྒྱུད་མི་ཐུབ་པ་མི་སྲིད།

བོད་ཆོལ་ཁ་གསུམ་གྱི་ནུ་ལྡན་ཡོངས་རྫོགས་ནང་ཡང་།
གཞན་གྱིས་བསྟོད་རི་བ་དང་མཛེས་བ་ངོམས་རི་བ་མེད་པ་ཅི་ལ་སྲིད།
མཛེས་མ་མང་ས་ནས་གཅིག་བདམས་ན།
དེ་ནི་དེ་ལྟར་གྱི་རིན་ཐང་ལྡན་ས་ཞིག་ཡིན་ངེས་ཀྱང་།

དེས་ན་བོད་ཀྱི་མཛེས་མ་ཚང་མས་གོ་སྐབས་ལེན་ས་འདིར།
ང་ཚོར་ཅི་ཞིག་ཆད་འདུག་པའི་སྣང་བ་ཞིག་འགོག་མེད་དུ་སྟེར་བ་ནི།
འགྲན་ཞུགས་པ་ཤིན་ཏུ་ཉུང་ལ་ཉུང་བ་དེ་ཡང་།
སྒེག་སྒེག་ལྡེམ་ལྡེམ་གྱིས་གཡས་འགྱུར་གཡོན་འགྱུར་བརྒྱབ་ན།
སྐྱེས་བ་ཡིན་ཚད་ཀྱི་བླ་ཡོངས་སུ་འགུགས་པའི་མིག་འཕྲུལ་སྟོན་མཁན།
ཤིན་ཏུ་ཉུང་འདུག
ཤིན་ཏུ་ཉུང་འདུག་པ་འདི་ནི་སྡིངས་ཆ་འདིའི་སྟེང་ན།
དེ་མ་ཡིན་པ་ཞིག་ལས་མེད་པའི་དོན་ཡིན།
དེ་དག་གིས་བོད་པའི་ལྟད་མོ་བ་དག་གི་འདོད་པ་ཁེངས་ཀྱི་མེད་ལ།
ཁེངས་ཀྱི་མེད་པ་དེས་བློ་བཟང་དབང་རྒྱལ་དང་།
གར་སྟེགས་སྟེང་གི་བུ་མོ་དེ་དག་ལ་འཁང་ར་སྣ་ཚོགས་བྱེད་ཀྱི་འདུག

ཡིན་ན་ཡང་དོན་དངོས་དེ་ད་དུང་གཞན་ཞིག་རེད།
རྒྱུ་མཚན།
མཛད་སྒོ་འདི་ནི་བོད་ཆོལ་གསུམ་གྱི་ལང་ཚོའི་དྲེགས་པས་སྒེག་པའི།
མཛེས་མ་ཡོངས་ལ་སྒོ་ཕྱེས་ཡོད་ཀྱང་།
ངེས་དོན་གྱི་མཛེས་མ་དེ་དག་གིས་ངོ་ཚ་བསམ་ནས།
རང་རང་གི་ཁྱིམ་ཕུགས་ནས།
གོ་སྐབས་འདི་ཤེས་བཞིན་གཞན་ལ་སྤྲད་པས།
བློ་བཟང་དབང་རྒྱལ་གྱིས་ད་གཟོད་མཛེས་མའི་ཅོད་པན་དེ།
མང་ཚོགས་ནང་ཁ་འཁོར་ཏེ་དངོས་སུ་ཐག་རིང་ནས།
གར་སྟེགས་སྟེང་འདིར་སླེབས་པའི།
ཤ་པགས་ཀོ་གསུམ་ཅུང་ཙམ་སོས་བ་ཡིན་པའི།
བུད་མེད་དེ་དག་ལ་སྤྲོད་དགོས་བྱུང་བ།
གོ་སྐབས་མ་བླངས་བའི་གོ་སྐབས་ཐོབ་སྟངས་ཤིག་ཡིན་ཕྱིར།
ལེ་ཚན་འདི་ད་ལྟའི་བར་བློ་བཟང་དབང་རྒྱལ་ལ་སྡིག་དམོད་བྱེད་སའི།
ས་བཅད་ཞིག་གི་ངོས་ནས་མ་གཏོགས་འགྲོ་ཐུབ་མེད།

ཡིན་ཡང་བློ་བཟང་དབང་རྒྱལ་ལ་ཁག་མེད་ས་ཤིག་ཡོད་པ་ནི།
ཁོང་གིས་རང་གི་འཇོན་ཚད་ལྟར་ཇི་ལྟར་སྒྱུ་རྩལ་གྱི་མོས་བ་བསྐྱེད་པའི།
གར་སྟེགས་ཤིག་བཞེངས་བསྐྲུན་བྱས་ན།
མཉམ་ཞུགས་མ་གནང་བ་ནི་ཁྱིམ་ཕུགས་ཀྱི་མཛེས་མ་དེ་དག་གི་སྐྱོན་ཡིན་ལ།
སྒེག་ཅིང་སྡུག་པའི་མཛེས་མ་ཚད་ལྡན་དེ་དག་མ་འཛུལ་བའི་འཕྲོ་ནས།
ད་གཟོད་ཆུ་ཤིང་མིན་ལ་སྨྱུག་མ་མིན་ལ།
མཚམས་རེར་ནུ་ལྡན་ཡིན་མིན་གྱི་དོགས་པ་ཡང་སྐྱེས་བའི།
གནས་ཚུལ་ཡང་མཐོང་རྒྱུ་འདུག་ན།
བོད་ཀྱི་མཛེས་མའི་ཅོད་པན་ཡང་མི་འདོད་བཞིན་དུ།
ཨེ་ཁུང་ཐོལ་བ་ཞིག་ལ་སྤྲོད་དགོས་བྱུང་བ་ཡང་།
མཛེས་མ་མང་པོས་ལས་གཞི་འདི་ལ་རྒྱབ་སྐྱོར་མ་གནང་བའི།
མཐའ་འབྲས་ཡིན་ཕྱིར།
ངས་བལྟས་ན་འདི་ཡོད་ཚད་བློ་བཟང་དབང་རྒྱལ་ལན་པ་མིན་ལ།
ཁོང་ལན་པ་མ་ཡིན་པའི་འཕྲོ་ནས།
ཁོང་ཆགས་རྒན་ཡིན་སྟངས་བཤད་པ་ནི།
ཁོང་ལ་མ་དགའ་བའི་གནས་སྟངས་གཞན་ཞིག་རེད།

དེའི་ཕྱིར་ང་ཚོས་བོད་ཀྱི་མཛེས་མའི་མིང་ཐོབ་ཡོད་པའི་སྡིངས་ཆ་འདི།
དོན་ལྡན་ནུས་ལྡན་ཤིག་ཏུ་སྒྱུར་ཐུབ་པར་ངེས་དོན་གྱི་མཛེས་མ་མང་པོར།
མཉམ་ཞུགས་གནང་བའི་འབོད་སྐུལ་སླར་ཡང་ཞུ་བ་དང་།
གནད་འདི་ནུས་ལྡན་ཤིག་ཏུ་བསྒྱུར་ཐུབ་པར་བོད་ཀྱི་ནུ་ལྡན་དག་ལ།
འབོད་སྐུལ་རྒྱུན་དུ་ཞུའོ།།

 

Print Friendly, PDF & Email
Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 228

Leave a Reply